དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མར་ཏི་ཝེའི་ཙུང་ཐུང་དང་། ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་། བྷེ་ཨུ་རུ་སུའི་ཙུང་ཐུང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་། ཐུར་ཁེའི་ཙུང་ཐུང་། ཨར་མེ་ཉི་ཡའི་ཙུང་ལི། རྒྱ་གར་གྱི་ཙུང་ལི། ཝེ་ཐེ་ནམ་གྱི་ཙུང་ལི་བཅས་ཁག་སོ་སོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-02

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ལ་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། མར་ཏི་ཝེ་ཕྱོགས་དང་སྲིད་ཏང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་གཞུང་སོགས་ཕྱོགས་ཁག་གི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་ཀྲུང་མར་གྱི་རང་མོས་ཚོང་དོན་གྲོས་ཆོད་དོན་འཁྱོལ་ཡག་པོ་བྱས་ནས་ཉ་ལས་དང་། རྒྱ་མཚོའི་ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་མཉམ་ལས་བྱེད་པ། འབྲེལ་གཏུག་དང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་འཐབ་ཇུས་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་བྱེད་འདོད་ཡོད།

    མུའུ་དབྱི་ཙིས་གསུངས་དོན། ཀྲུང་གོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་ལེགས་སྒྲུབ་བྱེད་རྒྱུ་མ་ཟད། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོར་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ལྡན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དར་སྤེལ་བཏང་བ་དེས་མིག་སྔའི་ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་ལྡན་པར་བྱས་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། མ་འཇོག སྡོད་ཁང་འཛུགས་སྐྲུན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། མར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ལི་རྒྱ་མཚོ་ལས་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་བར་ཁྱམས་ཀྱི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གཞི་གཏོད་དགོས། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་བཅས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཨ་ཟེར་བྷེ་ཇན་ཕྱོགས་དང་ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

    ཨ་ལི་ཡེ་ཧྥུའུ་ཡིས་གསུངས་དོན། ཨ་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་ཡོད་པ་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཚོང་དོན་མགྱོགས་མྱུར་འཕར་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། “ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། མཉམ་སྦྲེལ་མཉམ་མཐུད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟབ་ཏུ་བཏང་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་དང་། ཚན་རྩལ་གསར་གཏོད། དངུལ་རྩ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་བྷེ་ཨུ་རུ་སུའི་དུས་དང་རྣམ་པ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དང་འཕར་གཞི་མུ་མཐུད་གཏོད་དགོས་པ། “2024ལོ་དང་2025ལོའི་ཀྲུང་བྷེའི་ཚན་རྩལ་གསར་གཏོད་ལོའི”གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་བཅས་ཀྱི་སྤེལ་རེས་རྒྱ་བསྐྱེད་བཏང་ནས་མི་ཆོས་རིག་གནས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཀྱི་ཕྱོགས་མང་ལམ་སྲོལ་ཁྲོད་མཉམ་ལས་དམ་ཟབ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    ལུའུ་ཁཱ་ཧྲེན་ཁོའོ་ཡིས་གསུངས་དོན། ཀྲུང་གོར་ཡོང་ཐེངས་རེ་རེ་བཞིན་ཀྲུང་གོའི་སྐྱེ་སྟོབས་ཀྱིས་ཁེངས་པའི་འཕེལ་རྒྱས་ཡར་ཐོན་གྱི་རྣམ་པར་བབ་ཆགས་ཆེན་པོ་ཡོང་གི་འདུག ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད་ལ་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་དར་རྒྱས་གོང་འཕེལ་གྱི་གོམ་སྟབས་འགོག་མི་སྲིད། བྷེ་ཨུ་རུ་སུ་ནི་ཀྲུང་གོའི་དུས་དང་རྣམ་པ་ཀུན་གྱི་རོགས་ཟླ་དང་ནམ་ཡང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཕྱོགས་གཉིས་པོས་ཚན་རྩལ་དང་། དངུལ་རྩ། ཚད་འཇལ། སྨྱན་སྦྱོར། འགྲིམ་འགྲུལ་སྐྱེལ་འདྲེན། འགག་སྒོའི་ཞིབ་བཤེར་དང་རིམས་བཤེར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཁེར་ཕྱོགས་གཉིས་པོས་གཞུང་འཁྱོངས་གསར་འབྱེད་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཚོང་དོན་གྱི་མ་འཇོག་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་བྱེད་ཟབ་ཏུ་གཏོང་བ། ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་རྫས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། རིག་གནས་དང་། ཡུལ་སྐོར། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་སེམས་གཅིག་འབྲེལ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་འཁུར་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ། ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།

    ཀྲ་ཕཱ་ལུའོ་ཧྥུའུ་ཡིས་གསུངས་དོན། ཀྲུང་གོ་ནི་ཁེར་གྷི་སི་ཐན་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་རེད། ཁེར་གྷི་སི་ཐན་གྱི་ཆེས་རྩ་ཆེ་བའི་ལེགས་ཆ་ནི་ཀྲུང་གོ་དང་ཁྱིམ་མཚེས་ཡིན་པ་དེ་རེད། ཁེར་གྷི་སི་ཐན་ལ་དཀའ་ངལ་འཕྲད་རིམ་བཞིན་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཆེན་པོ་བྱུང་ནས་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་ཀྲུང་གོ་ཕྱོགས་དང་ཕན་ཚུན་འབྲེལ་མཐུད་དང་། ནུས་རྒྱུ་གཙང་མ། མི་ཐབས་རིག་ནུས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ལ་ཕན་བདེ་སྔར་བས་ལེགས་པ་སྐྲུན་འདོད་ཡོད། ཐའེ་དབན་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཁེར་གྷི་སི་ཐན་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་འབྲེལ་མཐུད་དང་། མི་ཤུགས་ཐོན་ཁུངས། དམངས་སྤྱོད་མཁའ་འགྲུལ། ས་གནས་དབར་གྱི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སང་ལོ་ནི་ཀྲུང་ཐུར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནས་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“དབུ་མའི་བར་ཁྱམས”འཆར་གཞི་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལྷོ་ཕྱོགས་བགྲོད་ལམ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ནུས་རྒྱུ་གསར་པ་དང་། 5G སྐྱེ་དངོས་སྨན་རྫས་སོགས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། གསུམ་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དམ་ཟབ་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་དང་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་ལེགས་སྐྱེས་འབུལ་དགོས།

    ཨེར་ཏོ་ཨན་གྱིས་བསྟན་དོན། ཐུར་ཁེས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཚོང་དོན་མ་འཇོག་གི་ཆུ་ཚད་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གསར་པ། འབྲུ་རིགས། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་ཡུལ་སྐོར་སོགས་ཐད་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཤུགས་ཆེན་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཐུར་ཁེ་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་དྲང་གཞག་གི་ལངས་ཕྱོགས་ལ་བསྔགས་བརྗོད་བྱ་རྒྱུ་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཨར་མེ་ཉི་ཡའི་ཙུང་ལི་ཕ་ཧྲི་ཉི་དབྱང་དང་མཇལ་འཛོམས་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཨར་མེ་ཉི་ཡའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨར་མེ་ཉི་ཡའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱི་འབྲེལ་བཙུགས་ནས་ལོ་33སོང་རིང་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་དང་། གཉིས་ཁེ་གཉིས་ཕན། སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར་སོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨར་མེ་ཉི་ཡ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཨར་མེ་ཉི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

    ཕ་ཧྲི་ཉི་དབྱང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཨར་མེ་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཐོབ་པའི་རེ་བ་ཡོད། འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེས་ཨར་མེ་ཉི་ཡ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་རྒྱུར་སྐུལ་མ་ཐེབས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གོ་སྐབས་གསར་པ་དང་གསོན་ཤུགས་གསར་པ་སྣོན་རྒྱུ་རེད། ཨར་མེ་ཉི་ཡ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་བསྟར་ཏེ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་རྒྱ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་རྒྱ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་དགོས་པ་དང་། ཐེན་ཅིན་ཞལ་འཛོམས་བརྒྱུད་འབྲེལ་བ་སླར་ཡང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་འཐབ་ཇུས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་དབར་ཡིད་ཆེས་ཟབ་ཏུ་གཏོང་དགོས། མཉམ་ལས་ཀྱི་རོགས་ཟླ་ཡིན་པ་ལས་འགྲན་ཡ་མིན་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་སུ་འཛིན་པ་ལས་འཇིགས་སྐུལ་མིན་པའི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་གནད་འཁེལ་ཐུབ་ཚེ། ཀྲུང་རྒྱའི་འབྲེལ་བ་དེ་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་དང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་བྱེད་དགོས། གཉིས་ནས་འགྲོ་འོང་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་དགོས། ཀྲུང་རྒྱ་གཉིས་ཀ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས་འཕེལ་རྒྱས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་དེར་དམ་པོར་དམིགས་ནས་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་རོགས་རམ་བཅས་བྱེད་དགོས། གསུམ་ནས་ཕྱོགས་སོ་སོའི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་བྱས་ནས་འཆམ་མཐུན་མཉམ་གནས་མཐའ་འཁྱོངས་བྱེད་དགོས། ཀྲུང་རྒྱ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཀྱིས་ལོ་ངོ་70ལྷག་ཙམ་གོང་ནས་དར་སྤེལ་བཏང་གནང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལ་བརྩི་མཐོང་དང་དར་སྤེལ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལ་སྟོབས་ཤུགས་གཅིག་འགྲིལ་གྱིས་སྲུང་སྐྱོང་བྱེད་པ་ལས་མཐའ་མཚམས་གནད་དོན་གྱིས་ཀྲུང་རྒྱའི་འབྲེལ་བ་སྤྱི་ཡོངས་ལ་གདེང་འཇོག་བྱེད་མི་རུང་། བཞི་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ལོ་རྒྱུས་ཀྱི་འགན་འཁྲི་ཐུན་མོང་ཐོག་མངོན་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། ལག་གདང་སྦྲེལ་ནས་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    མོ་ཏི་ཡིས་གསུངས་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་དུ་ཞལ་འཛོམས་བྱས་ནས་རྒྱ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱ་ཀྲུང་འབྲེལ་བ་སླར་ཡང་དགེ་མཚན་ལྡན་པའི་བགྲོད་ལམ་ཐོག་སླེབས་པ་དང་མཐའ་མཚམས་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ། མི་རིང་བར་མཁའ་ལམ་ཐད་གཏོང་སླར་གསོ་ཐུབ་རྒྱུ་ཡིན་པ་ལ་སོགས་པའི་གྲུབ་འབྲས་དེ་དག་གིས་རྒྱ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་རྒྱུ་མ་ཟད། འཛམ་གླིང་ལའང་ཕན་པ་ཐོབ་རྒྱུ་རེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་ཀས་དང་ལེན་ཐུབ་པའི་མཐའ་མཚམས་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་འདོད་ཡོད། རྒྱ་ཀྲུང་རྒྱལ་ཁབ་གཉིས་པོས་འཐབ་ཇུས་རང་བདག་དང་རང་ཚུགས་ཕྱི་འབྲེལ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཕྱོགས་གསུམ་པའི་ཤུགས་རྐྱེན་མ་ཐེབས་པ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་དུས་རབས་21པ་དེ་དངོས་གནས་ཨེ་ཤེ་ཡའི་དུས་རབས་སུ་འགྱུར་བར་བྱེད་པ་དང་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕྱོགས་མང་རིང་ལུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བདེ་བླག་ངང་འཁུར་བར་རྟེན་འབྲེལ་ཞུ་རྒྱུ་དང་ཐེན་ཅིན་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་མཁན་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་ཞུས་གནང་ཞིང་། ཁོང་གིས། ཀྲུང་གོ་ཕྱོགས་ནས་ཝེ་ཐེ་ནམ་ཕྱོགས་ལ་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་ཡག་པོ་འཚོག་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཝེ་ཐེ་ནམ་ཕྱོགས་དང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་འབྲེལ་མཐུད་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རང་མོས་ཚོང་དོན་ཁུལ་དང་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་སོགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རང་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། ཀྲུང་ཝེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཡོང་བའི“གསར་བརྗེའི་ཞིབ་སློབ་འགྲུལ་བཞུད”མུ་མཐུད་ཡག་པོ་གཉེར་ནས་དམངས་སེམས་འདུ་འགོད་དེ་བས་མང་བ་སྐྲུན་དགོས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཧྥན་མིང་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་མ་ཟད། ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དེ་ཐོག་ནས་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་མཛའ་གྲོགས་ཟབ་མོ་མཚོན་ཡོད། ཝེ་ཀྲུང་དབར་ཐུན་མོང་གི་འཐབ་ཇུས་ཁེ་ཕན་ཡོད་ལ་སྤྱི་ཚོགས་རིང་ལུགས་རྒྱང་ལམ་ཐོག་གི་ལམ་གྲོགས་ཀྱང་ཡིན་པས། ཀྲུང་གོའི་དབར་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་སྔོན་ལ་སྒྲུབ་དགོས་པའི་དོན་ཆེན་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་མ་འཇོག་རྒྱ་སྐྱེད་གཏོང་བ། ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བཅས་བྱས་ཏེ་མཉམ་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་འདོད་ཡོད་པ་དེ་ནི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ལ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།