དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུང་ཧྥེ། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-09-01

    རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་ཁྱད་ལྡན་ཞིང་འབྲོག བོད་ལུགས་གསོ་རིག མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས། སྤྱི་སྤྱོད་མཁའ་འགྲུལ་བཅས་བོད་ཀྱིས“ཐོན་ལས་ཆེན་པོ་དགུ”གཞི་རྩར་འཛིན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། 2025ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1382.72ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་14.8%འཕར་བ། གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་24.8%འཕར་བ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.6%འཕར་བ་བཅས་རེད།

    གངས་ལྗོངས་ས་མཐོ་འགུལ་ནུས་ཆེན་པོས་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སྐྱོད་བཞིན་ཡོད།

    འགུལ་ནུས་གསར་སྒྱུར། ལྗང་མདོག་སྒུལ་ཤུགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་ཐོག་རླུང་འཁོར་ཆེན་པོ་འཁོར་བའི་འུར་སྒྲ་གྲགས་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་དགའ་ལྡན་ཁང་གསར་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་གི་ཡུག་སྦྲེལ་འོད་ཤུགས་ཤེལ་ལེབ་ཉི་འོད་འོག་འོད་མདངས་རབ་ཏུ་འཚེར་བ། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཉི་ནུས་གཅིག་བསྡུས་དྲོད་གཏོང་རྣམ་གྲངས་ཀྱིས་ས་བབ་སྨི་4700ཡོད་པའི་མཐོ་གྲང་གྲོང་རྡལ་ཆུང་ངུར་དྲོད་མཁོ་འདོན་བྱེད་པ་ལ་སོགས་གང་སར་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་མངོན།

    དེ་སྔ་སྣུམ་ཞུ་སྤྱོད་པ་ནས་ད་ཆ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”ཁག་4བསྐྲུན་པའི་བར། བོད་ཀྱི་ནུས་རྒྱུ་གཙང་མས་གློག་འདོན་ཚད་99%ལས་བརྒལ་བ་དང་། རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མས་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་161ལྷག་ཙམ་བཏང་བ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1386ཙམ་དང་མཚུངས་ཀྱི་ཡོད། ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་རྒྱུར་དམིགས་ཏེ། བོད་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཆུ་ནུས་དང་། རླུང་ནུས། འོད་ནུས། ཚ་ནུས་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་འཕེལ་རྒྱས་སྟོབས་ཆེར་བཏང་ཡོད།

    ད་ལོའི་ཟླ་བ་གསུམ་པར། ནུས་རྒྱུ་གསར་པའི་རླངས་འཁོར་150བླུགས་པའི་མེ་འཁོར་ཞིག་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་ཚོང་ཟོག་ཞིབ་བཤེར་ལེགས་གྲུབ་ཟིན་རྗེས། འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་བསྐྱོད་པ་རེད།

    ལྗང་མདོག་ནི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་མདངས་ཡིན། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་ལི་སུང་གིས། 1965ལོར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི་693ཙམ་ཟིན་པ་དང་ད་ཆ་ལོ་རེའི་ཆ་སྙོམས་གཞི་ཁྱོན་སྒོར་དུང་ཕྱུར་བརྒྱ་ཟིན་ཡོད། ད་ལོའི་ལོ་སྟོད་དུ་བོད་ཀྱིས་སྒོར་ཁྲི་3000ཙམ་རི་བའི་བལ་དང་ཁུ་ལུ། ཀུ་ཤུ་སོས་པ། ནས་ཀྱི་ཐོན་རྫས། སྤོས་སོགས་ལྗང་མདོག་ཐོན་རྫས་ཕྱིར་གཏོང་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    མཁའ་ལམ་རྨང་བརྟན། ཕྱོགས་བསྡུས་ལམ་དྲ་ལས་གསོན་ཤུགས་རྒྱས་པ།

    རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་ཡིན་པའི་མེ་ཏོག་འདི་ཉིད་ད་ཆ་འཁོར་གཏོང་ཡུལ་སྐོར་བྱ་ཡུལ་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཞིང་། མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོའི་འགྲོ་ལམ་དག་ཕྱོགས་གཉིས་ནས་བསྐྱོད་སའི་ཨར་འདམ་ལམ་དུ་རིམ་སྤོར་བྱས་པས་གྲོང་གསེབ་ཡུལ་སྐོར་དར་རྒྱས་ཕྱིན་པ་མ་ཟད། ཞིང་ལས་ཐོན་རྫས་ཀྱང་བྲིན་ཁ་རྒྱུག་པོ་བྱུང་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཕུན་ཚོགས་ཀྱིས“འགྲོ་ལམ་ཡག་ཏུ་ཕྱིན་པས་མང་ཚོགས་ལ་ཚོང་ལམ་རྙེད་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

    2024ལོའི་ལོ་མཇུག་བར། བོད་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་གཞུང་ལམ་བསྐྲུན་ཚད་100%ཟིན་པ་དང་གཞུང་ལམ་ཤར་གཏོང་ཐུབ་ཚད་97.99%དང་86.05%ཟིན་པ་དང་། རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་1196ལྷག་ཙམ་ཟིན་པ་དང་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12.49ཟིན་ཡོད། གཞུང་ལམ་རྨང་གཞིར་བྱས་ནས་ལྕགས་ལམ་དང་། མཁའ་ལམ། མདོང་ལམ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཏན་ཏིག་བྱས་ཡོད།

    ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་དེ་བས་སྟབས་བདེ་རུ་ཕྱིན་ཞིང་། ད་ལོའི་ཟླ་7པར། ལྷ་ས་དང་ཨེ་ཀྲོའུ་བར་གྱི་ཟོག་འདྲེན་ཁོ་ནའི་གནམ་གྲུའི་དུས་བཀག་མཁའ་ལམ་ཤར་གཏོང་ཐུབ་ནས། གྲུ་ཁར་ཐོག་མར་འབྱོར་བའི་དངོས་ཟོག་ཏུན་16.7ཟིན་པ་དང་གྲུ་ཁ་ནས་དངོས་ཟོག་ཏུན་6.9དབོར་ཡོད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་གནམ་ཐང་ཚོགས་པའི་དངོས་ཟོག་སྐྱེལ་འདྲེན་པུའི་སྤྱི་ཁྱབ་ཅིང་ལི་ཝུའུ་ཏུང་ཅེ་ཡིས། “མཁའ་ལམ་འདིས་ཤ་ཚལ་སོས་པར་སྡོད་ཡུན་འགན་ལེན་ནུས་ལྡན་ཐུབ་ཡོད”ཅེས་བཤད།

    ས་མཐོར་འཁོར་གཏོང་ཡུལ་སྐོར་ལ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་ས་ནུབ་ཚུགས་ཀྱིས་ཟླ་རེར་རླངས་འཁོར་དབོར་འདྲེན་གྱི་མངགས་ཐོ་དང་ལེན་བྱེད་ཚད་ཆིག་སྟོང་ཙམ་ཟིན་གྱི་ཡོད་པ་དང་། ཡུལ་སྐོར་བ་དེ་བས་མང་བས་ལྕགས་ལམ་བརྒྱུད་རླངས་འཁོར་དབོར་འདྲེན་བྱས་ཏེ་བོད་དུ་སྐྱོད་རྒྱུའི་གདམ་ག་བྱེད་ཀྱི་ཡོད།

    མེ་ཏོག་གཞུང་ལམ་གྱིས་གྲོང་རྡལ་ཆུང་ཆུང་མེ་ཏོག་དང་ཕྱི་རོལ་དབར་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ཞིག་བསྐྲུན་ཞིང་། དར་རྒྱས་ཇེ་ཆེར་འགྲོ་བཞིན་པའི་འགྲིམ་འགྲུལ་དྲ་བ་དེས་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། ཐོན་ལས་དར་ནས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་བསྐྲུན་པ།

    “དྲོད་ཁང་དུ་ལས་ཀ་བྱས་ཚེ་ཉིན་གཅིག་ལ་ཡོང་འབབ་སྒོར་200རག་གི་འདུག” མངའ་རིས་ས་ཁུལ་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གི་དེ་སྔའི་འབྲོག་པ་མཐོང་སྐྱིད་སྒྲོལ་དཀར་ད་ཆ་འདེབས་འཛུགས་མཁས་པ་ཞིག་ཏུ་གྱུར་ཡོད། ཐོན་ལས་གླིང་གི་གཉེར་སྐྱོང་འགན་འཁུར་བ་ལིའུ་ཅང་གིས་དེ་གར་ཧྲའན་ཤིས་བོད་སྐྱོར་ལས་དོན་རུ་ཁག་དང་ས་གནས་དེ་གའི་སྲིད་གཞུང་གིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྒྲིག་བཀོད་ཞིང་ལས་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པའི་ས་གནས་དེ་གའི་མང་ཚོགས་ཁག་གཅིག་གསོ་སྐྱོང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཐོན་ལས་འཕེལ་རྒྱས་གཏོང་རིང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ཕན་གྱི་ཕན་འབྲས་དངོས་ལ་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུར་ཕན་པ་ལྡན་པ་བཅས་མཐའ་འཁྱོངས་བྱས་ཡོད།

    ཁྱད་ལྡན་ཞིང་འབྲོག་ལས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྤུ་རིང་གྲོག་རོང་དུ་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རྫོང(ཆུས)3དང་གྲོང་ཚོ་20བོད་བྱ་གསོ་ཚགས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་གྲོང་ཚོ་རེར་ལོར་འབབ་འཕར་སྒོར་ཁྲི་23ཡན་ཟིན་ཡོད།

    དེང་རབས་ཅན་གྱི་ཟོག་འགྲེམས་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ལྷ་ས་སྟོད་ལུང་བདེ་ཆེན་ཡབ་མདའ་ཤང་གི་ཅིང་ཏུང་རིག་ནུས་མཛོད་ཉར་མ་ལག་གིས་ཕྱིར་ཚོང་གྲངས་གཞིར་གཞིགས་ནས་མཛོད་ཉར་བྱས་པར“ཚོང་ཟོག་དེ་བས་མང་བ་ཉིན་དེ་རང་ངམ་ཡང་ན་ཕྱི་ཉིན་འབྱོར་གྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་བཤད།

    ཀུན་ཕན་འཕེལ་རྒྱས་ཀྱིས་དམངས་འཚོའི་བདེ་རྩ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། 2019ལོའི་ལོ་མཇུག་ཏུ་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། 2024ལོར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31358ཟིན་པ་དང་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་འབབ་སྨར་12.5%ཡན་འཕར་ཡོད་པ་རེད།

    ལོ་ངོ་60ཡི་རིང་འབད་འབུངས་ཡར་བརྩོན་བྱས་པ་དང་གངས་ལྗོངས་མཐོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་འཕེལ་བས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་དང་བློ་སེམས་གཅིག་མཐུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཧུར་ཐག་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།