ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་ལས་ཚབ་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ།
ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་འབར་མའི་ཙུང་ཐུང་ལས་ཚབ་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ།
ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་འབར་མའི་ཙུང་ཐུང་ལས་ཚབ་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འབར་མ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་སའི་གྲུབ་ཆ་ཞིག་ཡིན་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྐད་ཆ་ཤོད་རེས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་འབར་དབར་གྱི་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཀྱི་འབྱུང་རྩ་ནི་མི་དམངས་ཡིན་པ་དང་རྒྱུན་རིང་འདྲིས་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་པོས་ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་གོ་སྐབས་སུ་བྱས་ཏེ་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་འབར་མར་རང་གི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇཌ། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་། འབར་མར་ཡོམ་རྗེས་བསྐྱར་སྐྲུན་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར། འབར་མར་རྒྱལ་ནང་གི་ཆབ་སྲིད་སྟོབས་ཤུགས་མཐུན་སྒྲིལ་རྒྱ་ཁྱབ་བྱེད་པར་རྒྱབ་སྐྱོར། བརྟན་ལྷིང་དང་འཕེལ་རྒྱས་སླར་གསོར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་ཀྲུང་འབར་གྱི་དཔལ་འབྱོར་བར་ཁྱམས་ཀྱི་རྣམ་གྲངས་གཙོ་བོར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲུང་འབར་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་འབར་མར་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། ཞི་བདེ་མཉམ་ལས་ཀྱི་རྩ་དོན་ལྔའི་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ཐུན་ཐོང་ཐོག་སྲུང་སྐྱོང་བྱེད་དགོས།
མིན་ཨང་ལའེ་ཡིས་གསུངས་དོན། འབར་ཀྲུང་དབར་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཟབ་མོ་དང་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་གི་རེ་སྙེག་ཡོད་ལ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཀྱང་གལ་ཆེན་ཕུལ་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འབར་མའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་ཡིན་པས། དུས་ཡུན་རིང་པོའི་ནང་འབར་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་པ་དང་འབར་མའི་གེགས་རྗེས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་འབར་མའི་བྱང་རྒྱུད་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། འབར་མ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཚོང་དོན་དང་། མ་འཇོག ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད། འབར་མ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྐད་ཆ་ཤོད་རེས་ཀྱི་རོགས་ཟླ་ཡིན་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཕྱོགས་གཉིས་པོས་འགག་སྒོ་དང་གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་གསར་འགྱུར།