སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་8ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་གཅིག་གྱུར་དང་། སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། རིགས་ཁག་གི་ཤེས་ལྡན་པ་བཅས་ཀྱིས་འབད་འབུངས་ཡར་བརྩོན་དང་རང་འགན་ཐེག་པ་ཁུར་ལེན་བྱེད་པར་ཁྲིད་སྟོན་བྱེད་པ་དང་སྦྲཌ། གཅེས་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་སེམས་ཁྲལ་སེལ་རོགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དུ་བྱས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས” ཀྱི་སྙིང་སྟོབས་ཀྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། བློ་རྩ་བརྟན་པོས་གསར་གཏོད་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་སྙིང་དོན་སྤྱི་བདེའི་སྲིད་དོན་ཞབས་ཞུའི་ལས་དོན་གྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་ཐུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དམངས་ཕན་གྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ཞིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལེའང་ཀོང་ཝུན་གྱིས“གོམ་སྟབས་རྗེས་མར‘མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱོར་རྒྱུ’ཕྱོགས་སྟོན་དུ་བྱས་ཏེ། བསམ་པའི་སྟོབས་ཤུགས་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཕན་འབྲས་དངོས་སུ་ཏན་ཏིག་བསྒྱུར་བར་བྱས་ནས‘བྱས་འབྲས་ཐོབ་པར་ངས་མི་རྩོད’པའི་བསམ་བློ་གཏོང་ཕྱོགས་དང‘བྱས་རྗེས་འཇོག་པར་ང་ཡིས་འབད’པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།
བོད་ལྗོངས་མི་རིགས་སློབ་ཆེན་ནི་ཏང་ཀྲུང་དབྱང་གིས་བོད་ལ་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་པོ་དེ་ཡིན་ཞིང་། བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཚའེ་ཧྲོའུ་ཁོན་གྱིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ཏང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང‘ལམ་གཉིས’ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་དང་དར་སྤེལ་ཡག་པོ་བཏང་སྟེ། ‘མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ’བཅས་ཀྱི་རྩ་བའི་གནད་དོན་ལ་ལན་ཡག་པོ་བརྒྱབ་ནས་རྒྱ་ཆེའི་གཞོན་ནུ་སློབ་གྲྭ་ཆེ་མོ་བས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།
ས་མཐོར་ལས་ཀ་བྱེད་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཤང་ལི་ཡིས“བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པ་དང་ཤེས་ལྡན་པ་སྣ་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་བ་དང་དྲིན་ཚོར་འབད་འབུངས་ཀྱིས་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་དད་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།