དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-01

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ཞིང་། དེ་ནི་བློ་ཁ་གཏད་མིན་དང་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་དང་། སྔར་ལས་ལྷག་པའི་ནུས་ཤུགས་བཏོན་ནས་ཏང་འཛུགས་སྐྱོང་ཡག་པོ་བྱས་ཏེ། ཏང་གཤིས་གཙང་བའི་དཔུང་ཁག་དང་སྒྲིག་ཁྲིམས་ནན་པའི་དཔུང་ཁག་ཅིག་བཏོད་ནས། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གོང་ནས་འོག་བར་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས། ནན་པའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས། དངོས་སྒྲུབ་དང་གནད་སྨིན་ངང་སྒྲིག་འཛུགས་ལག་བསྟར་མཐའ་འཁྱོངས་བཅས་བྱས་ཏེ་ལས་དོན་ཏན་ཏིག་ངང་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སྤྱོད་ཚུལ་བཞིའི”གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། ངེས་པར་དུ་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་རྒྱག་པའི་ཆོད་སེམས་དང་སྙིང་རུས་ལ་བརྟེན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་།

    སྤྱོད་ཚུལ་བཟང་པོར་བརྟེན་ནས་ནུས་སེམས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སྤྱོད་ཚུལ་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བཅས་ལ་དམིགས་བསལ་གྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རྒྱུན་དུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བྱ་ཐབས་ནན་པོ་སྤྱད་དེ་དག་ཐེར་བཅོས་སྒྲིག་བྱས་ནས་དམ་འཛིན་མཐར་ཕྱིན་པ་དང་ནན་པོ་དཔྱིས་ཕྱིན་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་གཏོང་དགོས། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་ནུས་ལྡན་བཏོན་ཏེ་ཡ་མེད་སྒྲིག་འགལ་ལ་ཞིབ་བཤེར་མྱུར་པོ་དང་ཐག་གཅོད་ནན་པོ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་ཏེ་རང་འཁྲིའི་འགན་འཁྲི་ནན་པོ་འཁུར་བ་དང་ཁོངས་གཏོགས་ལ་དོ་དམ་ནན་པོ་བྱེད་པ་དང་། སྒྲིག་ཁྲིམས་དམ་ནན་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོར་ཞུན་བརྡར་སྤྲས་ཏེ་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་། རང་འགན་ཐེག་པ་ཁུར་ལེན། དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

    ཚེས་29ཉིན། ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཞི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་སླར་ཡང་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་ལ་འབེབས་པ་དང་ལག་ལེན་བསྟར་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་སྔར་བས་གསལ་འགྲེལ་གཏིང་ཟབ་བསྐྱོན་པ་མ་ཟད། སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་པ་དེ་ནི་ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དུས་བབ་ཀྱི་ལས་འགན་དང་འཚམ་པར་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཏང་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དང་ལེན་ཧུར་ཐག་ཞུས་པ་དང་ནན་ཏན་ངང་ཞུགས་པ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་དང་སྤྲོ་སེམས་འཁོལ་པོས་རྒྱབ་སྐྱོར་བཅས་བྱས་པས་སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། “སྤྱོད་ཚུལ་བཞིའི”མངོན་གསལ་དོད་པའི་གནད་དོན་འཛེམ་མེད་དམར་འདོན་གྱིས་ཐག་གཅོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་ཀྱི་ཞན་ཆ་སེལ་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྔོན་དཔག་གི་དམིགས་ཚད་དུ་སླེབས་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་དེ་བས་མཐོ་པོས་སྤྱོད་ཚུལ་འཛུགས་སྐྱོང་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་རྟག་ཏུ་དམ་འཛིན་དང་། དམ་འཛིན་གཏིང་ཟབ། དམ་འཛིན་ལྷོད་མེད་བཅས་ཀྱི་བསམ་བློའི་འདུ་ཤེས་བརྟན་པོར་འཛུགས་དགོས། བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྤྱོད་ཚུལ་ཐད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་བསམ་བློའི་སྲུང་རགས་བརྟན་པོ་བསྐྲུན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བའི་གོམས་གཤིས་བཟང་པོ་རང་རྟོགས་ངང་འཇགས་པར་བྱེད་དགོས། སྤྱོད་ངན་རྒྱུན་མཐུད་ཡོ་བཅོས་བྱེད་པ་དང་། སྤྱོད་ཚུལ་གྱི་གནད་དོན་རྒྱུན་གཏན་ནས་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་གྱི་ཤུགས་ཚད་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ། ཡུན་རིང་རྩ་བཅོས་བྱེད་དགོས་པའི་གནད་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་གོམ་པ་གང་ཡང་ཕྱིར་བཤོལ་བྱེད་མི་རུང་། ངན་རུལ་མཉམ་བཤེར་དང་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས“སྤྱོད་ཚུལ་བཞིའི”གནད་དོན་འབྱུང་རྩ་ནས་མེད་པར་བཟོ་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལག་བསྟར་ལ་དམ་འཛིན་ནན་པོ་བྱས་ཏེ་ལམ་ལུགས་ཀྱི་གྲུབ་འབྲས་དག་བཅོས་སྐྱོང་གི་ནུས་ཕྱོད་ལ་ཏན་ཏིག་སྒྱུར་དགོས། གོང་དཔེ་འོག་སྟོན་མཐའ་འཁྱོངས་བྱས་ནས་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོར་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་གནོན་ཤུགས་སྤྲད་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།