དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི“ཕྱུགས་རྫི་ཚོགས་པ”དམངས་ཕན་འབབ་འཕར་ཕོ་ཉ།

    —— ཀན་སུའུ་བསང་ཆུ་འབྲི་གཡག་ཚན་རྩལ་ཁང་གི་ཚོགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚུའེ་ཧན་ཁྲའོ།   |     སྤེལ་དུས།  2025-08-31

    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཝ་སྣ་གྲོང་ཚོར་གནས་པའི་ཀན་སུའུ་བསང་ཆུ་འབྲི་གཡག་ཚན་རྩལ་ཁང་གི་ཚན་ཞིབ་ཚོགས་པ་ནི་ཀན་སུའུ་ཞིང་ལས་སློབ་ཆེན་སྲོག་ཆགས་གསོ་རིག་སློབ་གླིང་ཀན་སུའུ་ཞིང་ཆེན་སྒོ་ཕྱུགས་སྦྲུམ་རྟེན་ལས་གྲྭའི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་དཔོན་10ཙམ་དང་འབུམ་རམས་པ་དང་རབ་འབྱམས་པ་40ལྷག་ཙམ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁོང་ཚོ་རྒྱལ་ཡོངས་ཀྱི་ས་གནས་མི་འདྲ་བ་ནས་ཡོང་བ་དང་ལོ་39ལ་སླེབས་པའི་ཀན་སུའུ་ཞིང་ལས་སློབ་ཆེན་སྲོག་ཆགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕན་དབྱང་དབྱང་ནི་ཚོགས་པ་དེའི་འགན་འཁུར་བ་རེད།

    ཕན་དབྱང་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2013ལོ་ནས་བཟུང་ཚན་ཞིབ་ཚོགས་པས་ས་གནས་དེ་གར་མི་ཐབས་མངལ་སྦྲུམ་དང་། སྦྲུམ་རྟེན་སྤོ་འཛུགས། རྒྱུད་འདྲེས་འདེབས་གསོ་སོགས་ལག་རྩལ་མང་པོ་སྤེལ་བ་རེད། ཚན་ཞིབ་ཚོགས་པས“ཅོན་ཧྲན་བ་གླང་ལ་མི་ཐབས་མངལ་སྦྲུམ་བྱས་ནས་ཀན་ལྷོའི་འབྲི་གཡག་གི་རྒྱུད་པ་ལེགས་སུ་གཏོང་བའི”རྣམ་གྲངས་ལ་བརྟེན་ནས་རྒྱུད་འདྲེས་མཛོ་འཕེལ་ཐབས་བྱེད་ཀྱི་ཡོད། སྤྱིར་བཏང་གི་འབྲི་གཡག་དང་བསྡུར་ན། མཛོ་དེ་རིགས་ཀྱི་འོ་མ་ཐོན་ཚད་ལྡབ་10དང་ཤ་ཐོན་ཚད་ལྡབ་2འཕར་བ་དང་། ལོ་3ལ་བེའུ་2སྐྱེ་བ་ནས་ལོ་རེར་བེའུ་རེ་སྐྱེ་བའི་བར་འཕེལ་ཁ་ལེགས་སུ་ཕྱིན་ནས་ཕྱུགས་རིགས་ཀྱི་ཐོན་འབབ་ལེགས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།

    ད་ཆ་ཁོང་ཚོས་ས་གནས་དེ་གའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་12དང་མཉམ་ལས་བྱས་པ་མ་ཟད། རྣམ་གྲངས་ལག་རྩལ་སི་ཁྲོན་དང་མཚོ་སྔོན་སོགས་ལ་ཁྱབ་གདལ་བཏང་བས། ལོ་ལྟར་ཅོན་ཧྲན་མཛོ་ཁྲི་1ལྷག་ཙམ་མཁོ་སྤྲོད་ཐུབ་པ་དང་རགས་རྩིས་ཡོང་འབབ་སྒོར་དུང་ཕྱུར་2ལས་བརྒལ་ཡོད་པ་རེད།

    མང་ཚོགས་ཀྱི་ཡོང་འབབ་འཕར། ས་གཞིར་ལྗང་མདོག་བསྣན། “ཕྱུགས་རྫི་ཚོགས་པའི”ཚན་རྩལ་གསར་གཏོད་གྲུབ་འབྲས་ལས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ད་དུང་ས་གནས་དེ་གའི་རྩྭ་ཕྱུགས་དོ་སྙོམ་ལེགས་སུ་ཕྱིན་ཡོད། དེ་དག་ཚང་མ་གངས་ལྗོངས་ས་མཐོར་གཞི་ཚུགས་པའི“ཕྱི་ཡུལ་པའི”འབད་བརྩོན་དང་ཁ་འབྲལ་ཐབས་མེད།

    ཕན་དབྱང་དབྱང་ནི་ཧྲའན་ཤིས་ནས་ཡོང་བ་ཞིག་ཡིན་ཞིང་། ལོ་མང་གོང་ས་མཐོར་སླེབས་མ་ཐག་པའི་སྐབས་ཁོང་གིས་མཐོ་གྲང་དང་། གསོ་རླུང་དཀོན་པ། སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས་པ་མ་ཟད། ད་དུང་འབྲོག་ཁུལ་གྱི་བཟའ་བཏུང་གོམས་གཤིས་དང་མཐུན་པར་བྱེད་དགོས་ཀྱི་ཡོད།

    “ཕྱུགས་རྫི་ཚོགས་པས”ཚན་ཞིབ་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཕྱུགས་ཟོག་ལ་ནད་བཅོས་པ་དང་། བེའུ་སྐྱེ་བསུ་བྱེད་པ། སྡོམ་གསོས་གསོ་ཚགས་ཁྱབ་གདལ་གཏོང་བ། དགུན་དུས་རྒྱགས་གསོ་ལ་སོགས་རང་འགུལ་ངང་མཐའ་འཁོར་མང་ཚོགས་ལ་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་བྱེད་ཀྱི་ཡོད། ཁོམ་དུས་སུ་ཁོང་ཚོས་ད་དུང་འབྲོག་པའི་ཕྲུ་གུ་ཚོར་སློབ་སྦྱོང་ཟུར་ཁྲིད་བྱེད་ཀྱི་ཡོད།

    ཚོགས་པའི་ཁོངས་མི་ཝང་ལི་པིན་ནི་དགེ་རྒན་ཆེ་མོ་བ་གཞོན་པ་ཞིག་ཡིན་ལ་ཉེ་འགྲམ་གྱི་འབྲོག་པས་ཡིད་ཆེས་ཆེ་ཤོས་བྱེད་པའི་ཕྱུགས་རིགས་སྨན་པའི་གྲས་ཤིག་ཀྱང་ཡིན། འབྲི་གཡག་ལ་ནད་བཅོས་པ་དང་སྐྱེ་བསུ་བྱེད་སྐབས། ཁོང་ལ་འབྲི་གཡག་གིས་ཐེངས་མང་རྡུང་མྱོང་ཡོད། ཁོང་གིས“ཚན་ཞིབ་ཀྱི་མཐའ་མའི་དམིཌ་ཡུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཕན་བདེ་བསྐྲུན་རྒྱུ་དེ་རེད”ཅེས་བརྗོད།

    རྩྭ་ཐང་དུ་ཉེན་ཁ་སྣ་ཚོགས་འཕྲད་ཀྱི་ཡོད་ཅིང་། ཝང་ལི་པིན་གྱིས་སྤྱང་ཀི་འཕྲད་པའི་མཚན་མོ་དེ་ད་དུང་བརྗེད་མེད་ལ། རྩྭ་ཐང་སྟེང་གི་རྟ་རྒོད་དང་གཡག་རྒོད་དབྱེ་བ་འབྱེད་ཐུབ་ཀྱི་ཡོད།

    ལོ་རེའི་ཟླ་དྲུག་པ་ནས་དགུ་པའི་བར་ནི་ཚོགས་པ་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་སྐབས་ཡིན་པས། དབྱར་ཁ་བསང་ཆུར་རྒྱུན་སྡོད་བྱས་ནས་ཚན་ཞིབ་ལས་དོན་སྤེལ་གྱི་ཡོད། དེ་བྱིངས་ཀྱི་དུས་ཚོད་ནང་ཁོང་ཚོས་གཟའ་མཇུག་བེད་སྤྱད་ནས་རྩྭ་ཐང་དུ་ལས་དོན་སྤེལ་བར་འགྲོ་གི་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ཚོགས་པའི་ཁོངས་མིས་ཆ་སྙོམས་ལོ་ལྟར་ལན་ཀྲོའུ་ནས་བསང་ཆུ་བར་འགྲོ་འོང་ཐེངས་40ཙམ་བྱེད་ཀྱི་ཡོད་པ་རེད།

    གསར་འགོད་པས་ཀན་སུའུ་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཡིས་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་འཐབ་ས་དང་པོའི་དགོས་མཁོར་དམ་པོར་དམིགས་ཏེ། གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་དང་མཐུན་པ། བྱང་ཚད་ཕུལ་དུ་བྱུང་བ་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་བསྐྲུན་ཡོད། 2020ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་གཙོ་གནད་བྱ་གཞག་ཚན་པས་རིམ་པ་མཐོ་བ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་པ་4637གདན་དྲངས་པ་དང་། རིམ་རྩིས་བརྒྱབ་ན། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་19དང་མཐུན་སྦྱོར་གསར་གཏོད་རྟེན་གཞི་58བསྐྲུན་པ། ཡོན་ཧྲི་45དང་རིགས་གཅིག་མཁས་ཅན་དང་དེ་བཞིན་ཚོགས་པ་27གདན་དྲངས་པ། མཆོག་རམས་པའི“ས་ཚིགས་གཉིས་དང་རྟེན་གཞི་གཅིག”123བཙུགས་པ་དང་ས་ཚིགས་སུ་ཡོད་པའི་མཆོག་རམས་པ་733ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།