ཀྲུང་གོ་བར“ཁ་བཤད་བྱ་བ་འཕྲལ་དུ་རྩོམ་པའི” སྙིང་སྟོབས་ཤིག་ཡོད།
མི་རིང་བའི་གོང་། ང་ལ་ཧྲང་ཧའེ་ཡི་དངུལ་རྩའི་ཚོགས་འདུ་གཟབ་རྒྱས་ཤིག་ཏེ། 2025ལོའི་ལུའུ་ཅ་ཙུའེ་གླེང་སྟེགས་ལ་ཞུགས་པའི་གོ་སྐབས་ཤིག་ཐོབ་བྱུང་། ད་ཐེངས་ཀྱི་འཚམས་འདྲི་དེའང་འཚམས་ལན་ཞིག་རེད། ན་ནིང་གི་ཟླ་11པར་ཡོ་སྒོར་དངུལ་རྩའི་གཟའ་འཁོར་སྐབས་ཉེར་བདུན་པ་གཉེར་རིང་། ཧྲང་ཧའེ་ནས་ཡོང་བའི་མཐོ་རིམ་འཐུས་མི་ཚོགས་པས་འཇར་མན་གྱི་ཧྥ་ལན་ཁེ་ཧྥུར་འཚམས་འདྲི་བྱས་པ་དང་འབྲེལ་ཡོ་སྒོར་དངུལ་རྩའི་གཟའ་འཁོར་གྱི“ཀྲུང་གོའི་ཉིན་མོའི”བྱེད་སྒོར་ཞུགས་པ་རེད། ད་ཐེངས་ང་ཧྲང་ཧའེ་ལ་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན། འཛམ་གླིང་གི་གྲོང་ཁྱེར་ཆེ་གྲས་གཞན་དག་དང་བསྡུར་ན། ཧྲང་ཧའེ་ནི་དངོས་གནས་ཤོད་རིན་ཡོད་པ་ཞིག་འདུག དེ་ལ་ཐུན་མོང་མ་ཡིན་པའི་ནུས་པས་ཁེངས་ཡོད་པ་དང་། ཡིད་དབང་འགུག་ཤུགས་དང་གསོན་ཤུགས་ཀྱང་དེ་བས་ལྡན་པས། མི་རྣམས་ཧང་སངས་དགོས་པ་ཞིག་འདུག
ཕུའུ་ཏུང་གནམ་ཐང་དུ་འབྱོར་རྗེས། གྲོང་ཁྱེར་དུ་བསྐྱོད་སྟངས་གཙོ་བོ་གཉིས་ཡོད་པ་སྟེ། གློག་སྒུལ་རླངས་འཁོར་བསྡད་ནས་དེང་རབས་ཅན་གྱི་མྱུར་བགྲོད་གཞུང་ལམ་དུ་སྐྱོད་ཆོག་པ་དང་། ཡང་ན་འཕྱོ་སྐྱོད་མེ་འཁོར་ལ་བསྡད་ནས་སྐར་མ་7སོང་རྗེས་གྲོང་ཁྱེར་གྱི་ལྟེ་གནས་སུ་སླེབས་ཐུབ། ང་ཚོས་ལམ་གཉིས་ཉམས་ལེན་བྱས་པ་སྟེ། གྲོང་ཁྱེར་དུ་སྐྱོད་དུས་མྱུར་བགྲོད་གཞུང་ལམ་བརྒྱུད་པ་དང་ཕྱིར་ལོག་དུས་འཕྱོ་སྐྱོད་མེ་འཁོར་བསྡད་པ་ཡིན། འཕྱོ་སྐྱོད་ལག་རྩལ་ནི་འཇར་མན་ནས་བྱུང་བ་ཡིན་ཡང་འཇར་མན་དུ་དངོས་སུ་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་ཐུབ་མེད། ཧྲང་ཧའེ་རུ་སྤྱིའི་ཆ་ནས་འཕྱོ་སྐྱོད་མེ་འཁོར་སྐར་མ་20ཡི་ནང་ཐེངས་རེ་ཡོད། གལ་ཏེ་ཧྲང་ཧའེ་ནས་པེ་ཅིང་དུ་འགྲོ་བར་གནམ་གྲུར་བསྡད་པ་ཕུད། མྱུར་བགྲོད་ལྕགས་ལམ་བསྡད་ན་མགྱོགས་ཤོས་སུ་ཆུ་ཚོད་4ལྷག་ཙམ་ནང་འབྱོར་ཐུབ་པ་དང་ཆུ་ཚོད་རེའི་མྱུར་ཚད་ཀྱང་སྤྱི་ལེ་350ཟིན་གྱི་ཡོད། དེ་དང་བསྡུར་ན་གནམ་གྲུ་ནི་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལས་མགྱོགས་པ་མེད།
གློག་སྒུལ་རླངས་འཁོར་བསྡད་ནས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་ང་ཚོས་ཧྲང་ཧའེ་ཡི་རླངས་འཁོར་གྱི་འཁོར་རྟགས་མང་ཆེ་བ་ལྗང་ཁུ་དང་སྔོན་པོ་ཡིན་པ་མཐོང་བྱུང་། དེ་ལས་ང་ཚོས་འཁོར་རྟགས་ལྗང་ཁུ་ནི་གློག་སྒུལ་རླངས་འཁོར་ཡིན་པ་དང་འཁོར་རྟགས་སྔོན་པོ་ནི་སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་ཡིན་པ་ཤེས། ང་ཚོས་ད་དུང་གཞུང་ལམ་ཐོག་འཁོར་རྟགས་སྔོན་པོ་བསྒར་བའི་འཇར་མན་ཚོང་རྟགས་ཀྱི་རླངས་འཁོར་མང་པོ་མཐོང་བྱུང་། འོན་ཀྱང་གློག་སྒུལ་རླངས་འཁོར་མང་ཆེ་བ་ཀྲུང་གོའི་ཚོང་རྟགས་རེད་འདུག་པས། ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་ཁྲོམ་རའི་གསོན་ཤུགས་ཧ་ཅང་ཆེ་བ་ཤེས་གསལ་རེད། གཞུང་ལམ་ཐོག་རླངས་འཁོར་མང་ཆེ་བ་ནི་གློག་སྒུལ་རླངས་འཁོར་ཡིན། གྲོང་ཁྱེར་དེ་དངོས་ནས་ཁུ་སིམ་པོ་ཞིག་འདུག ཝའེ་ཐན་དུ་དགོང་མོ་རླངས་འཁོར་མང་ཤོས་ཀྱི་དུས་སུའང་ཧ་ཅང་གི་ཁུ་སིམ་པོ་ཡོད་པས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།
སྤྱི་ཡོངས་ནས་བལྟས་ན། “ཤར་ཕྱོགས་ཀྱི་མུ་ཏིག”ཡིན་པའི་ཧྲང་ཧའེ་འདི་ཉིད་ཉིན་རེ་བཞིན་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་འདུག ང་ཚོས་ཧྲང་ཧའེ་ཡི་དངུལ་རྩའི་ཚན་རྩལ་ཁེ་ལས་གྲགས་ཅན་ཤིག་ལ་ལྟ་སྐོར་བྱས་པ་དང་། དེས་འགྲེམས་སྟོན་བྱས་པའི་མིས་བཟོས་རིག་ནུས་བཀོལ་སྤྱོད་ལ་མི་རྣམས་ཧང་སངས་དགོས་པ་ཞིག་འདུག ཀུང་སི་དེ་ནས་ཁ་བྲལ་སྐབས། ཕ་རོལ་པོས་ང་ཚོར་བཟོ་སྤུས་དག་པའི་དྲན་གསོའི་སྦྲག་རྟགས་ཆ་ཚང་ཞིག་སྤྲད་བྱུང་། དེ་ལས་ང་ཚོར་ཤོག་བུ་བཟོ་བའི་ལག་རྩལ་ཐོན་སྐབས་ཀྲུང་གོས་མིའི་རིགས་ཡོངས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་དྲན་སྐུལ་བྱས་བྱུང་།
ང་ཚོའི་ངོས་ནས་བརྗོད་ན། འགྲུལ་བཞུད་དེར་གྲུབ་འབྲས་མང་པོ་ཐོབ་བྱུང་ལ་བསམ་ཚུལ་གསར་པ་དང་འཆར་སྣང་གསར་པ་མི་ཉུང་བ་ཞིག་བྱུང་། ཕྱིར་ལོག་པའི་ལམ་བར་དུ་ང་ཚོས་རང་དབང་མེད་པར་ཀྲུང་གོ་བར“ཁ་བཤད་བྱ་བ་འཕྲལ་དུ་རྩོམ་པའི”སྙིང་སྟོབས་ཤིག་ཡོད་པ་དེ་ནི་འཇར་མན་གྱིས་དཔྱད་གཞིར་འཛིན་ཆོག་པ་ཞིག་རེད་སྙམ་བྱུང་། ས་འབྲེལ་ཆབ་སྲིད་ཀྱི་ངེས་གཏན་མེད་པའི་རང་བཞིན་ཛ་དྲག་ཏུ་འགྲོ་བའི་དུས་རབས་འདིར།“བརྟན་ལྷིང་དང་བློས་འགེལ་ཆོག་པ”ནི་དེ་བས་ཀྱང་རྩ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། འཇར་ཀྲུང་མཉམ་འགུལ་གྱི་གསོན་ཤུགས་ཧ་ཅང་ཆེན་པོ་མུ་མཐུད་མངོན་པར་བྱས་ནས་ཕན་ཚུན་སློབ་སྦྱོང་བྱེད་རིན་ཡོད་པའི་ཆ་མང་པོ་ཞིག་ཡོད། འབྱུང་འགྱུར་ང་ཚོས་འཇར་ཀྲུང་དབར་གྱི་གླེང་མོལ་དང་ལྷག་པར་དུ་ཧྥ་ལན་ཁེ་ཧྥུའུ་དང་ཧྲང་ཧའེ་དངུལ་རྩའི་ལྟེ་གནས་གཉིས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་གཞོལ་གྱི་ཡིན། གོ་སྐབས་རྗེས་མ་ནི་ད་ལོའི་ཟླ་11པར་ཧྥ་ལན་ཁེ་ཧྥུའུ་རུ་གཉེར་བའི་ཡོ་སྒོར་དངུལ་རྩའི་གཟའ་འཁོར་སྐབས་ཉེར་བརྒྱད་པའི“ཀྲུང་གོའི་ཉིན་མོ”དེ་རེད།
(རྩོམ་པ་པོ་ནི་ཡོ་སྒོར་དངུལ་རྩའི་ཚོགས་པའི་ཙུང་ཚའེ་ཡིན་པ)
འབྲེལ་ཡོད་གསར་འགྱུར།