ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱིས་བརྡ་ཐོ་བཀྲམ་ནས།
2025ལོའི“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བའི” བྱེད་སྒོ་སྤེལ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་12ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། ཟླ་བ་9པར“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བའི”བྱེད་སྒོ་གཅིག་སྡུད་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། “རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་སྲུང་གི་ལྕགས་རི་རིང་པོ་མཉམ་དུ་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ། སྤྱི་ཚོགས་ཡོངས་སུ་མང་ཚོགས་རང་བཞིན་གྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ནས་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
བརྡ་ཐོའི་ནང་བསྟན་དོན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བར་དམིགས་ནས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། རྗེས་དྲན་དང་མཆོད་འབུལ་དུར་འཕྱག་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་སོགས་སྒྲིག་འཛུགས་བྱས་པ་བརྒྱུད་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། སྔོན་ཐོན་མི་སྣར་སློབ་སྦྱོང་དང་དྲིལ་བསྒྲགས། གསར་བརྗེའི་གཏམ་རྒྱུད་འགྲེལ་བཤད་པའི་སྐོར་སྐྱོད་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རྒྱལ་སྲུང་སློབ་གསོའི་འགྲན་བསྡུར་རབ་དང་རིམ་པ་གཉེར་བ། དམག་དོན་ཀྲུང་དབྱང་ཁེ་ལས་དང་། གཞི་རིམ་དཔུང་སྡེ། སློབ་གྲྭ་བཅས་ཆ་སྒྲིག་མཉམ་སྐྲུན་ལ་སྐུལ་ལྕག་བྱས་ནས། རྒྱལ་སྲུང་སློབ་གསོའི་སློབ་ཁྲིད་དང་དམག་དོན་ཚན་རིག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་དགོས། རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་ཁག་གཅིག་འདོན་པ་དང་། 《རྒྱལ་སྲུང་ཡོངས་བསྒྲགས་སློབ་ཚན》གྱི་ཆེད་དོན་ལེ་ཚན་སྒྲིག་གཏོང་བྱེད་པ། རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་གློག་བརྙན་སྤྱི་ཕན་འགྲེམས་སྟོན་དང་། རི་མོ་དང་ཡིག་རིགས། བརྙན་ལམ་བརྩམས་ཆོས་བསྡུ་ལེན་སོགས་ཀྱི་བྱེད་སྒོ་སྤེལ་དགོས། དམག་སྒར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་སྟེ་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་དམག་དོན་ལོ་རྒྱུས་ཁང་ལ་ལྟ་སྐོར་དང་། དམག་སྒར་གྱི་འཚོ་བར་མྱོང་ཚོར། དམག་དོན་སྦྱོང་བརྡར་ཉམས་ལེན་བཅས་བྱེད་དགོས། དྲ་ཐོག་ནས་དྲིལ་བསྒྲགས་གསར་གཏོད་བྱས་ཏེ་རྒྱལ་སྲུང་སློབ་གསོའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཐབས་ལམ་དང་གཞི་རྟེན་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། གཞི་རིམ་གྱི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་རྒྱལ་སྲུང་སློབ་གསོའི་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྤོང་བ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ནས། བྱེད་སྒོ་ཚད་ལྡན་ནུས་ཆེ་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།