སྔོ་ལྗང་གཡུ་ཡི་གོས་བཟང་བཀླུབས། སྐྱེ་ཁམས་དམངས་ཕྱུག་ཐོན་ལས་དར།
བསིལ་རླུང་ལྡང་བའི་ས་མཐོར་མུ་མཐའ་མེད་པའི་རྩྭ་ཐང་དག་སྔོ་ཐིང་ཐིང་དུ་གྱུར་ཞིང་། རང་བྱུང་གི་ས་བབ་ལེགས་ཆ་ལྡན་པའི་བོད་འདི་ཉིད་ད་ཆ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་ཉམས་འགྱུར་ཞིག་མངོན་ནས་ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་དུ“རི་གཉིས”ཀྱི་འདུ་ཤེས་ཁྱབ་སྟེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ཁྲོད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཉམས་དགའ་བའི་རྣམ་པ་ཞིག་མངོན་བཞིན་མཆིས།
སྲུང་བཅད་བརྟན་དུ་བཏང་ནས་སྔོ་ལྗང་རི་ཀླུང་གི་རང་མདངས་དེ་བས་མངོན་པར་བྱེད་པ།
མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་ཡིན་པའི་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་གལ་འགངས་ཆེ་ཤོས་སུ་བཞག་ཡོད་ཅིང་། ལྗོངས་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་50%ལྷག་ཙམ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁོངས་སུ་བཅུག་པ་དང་། “ཚད་གསུམ་ཐོ་གཅིག”གི་སྔོན་འཇོག་སྲུང་སྐྱོང་སྡེ་ཚན་གྱིས་བཟུང་བའི་བསྡུར་ཚད་88%ལས་བརྒལ་བ། གྲོང་ཁྱེར(ས་ཁུལ)7ཚང་མར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་གྱི་མིང་བཏགས་པས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་འཛུགས་གཏོད་ཚད་གཞི་ཚང་མ་ལོན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།
2021ལོ་ནས་2024ལོའི་བར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་70བྱས་པ་དང་། ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་མུའུ་ཁྲི་2260ལྷག་ཙམ་བྱས་པ། རྩྭ་ཐང་གི་ཨ་བྲ་དང་། ནད་འབུའི་གནོད་འཚེ། དུག་རྩྭ་བཅས་མུའུ་ཁྲི་747.7བཅོས་པ། བྱེ་འགྱུར་ས་ཞིང་མུའུ་ཁྲི་248བཅོས་སྐྱོང་བྱས་པ། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་1387.21བཅོས་སྐྱོང་བྱས་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་གི“སྣ་འདུས་ཐབས་བཟང”ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་མ་ལག་དེ་བས་བརྟན་དུ་བཏང་ཡོད།
ད་ཆ། ལྗོངས་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྟན་པོའི་ངང་འཕར་ནས་ནགས་ཚལ་ཁྱབ་ཚད་དང་འདམ་ར་སྲུང་སྐྱོང་བྱེད་ཚད་12.31%དང་68.75%སོ་སོར་བརྟན་པོ་བྱུང་བ་དང་། གཙང་པོ་དང་མཚེའུའི་ཆུའི་སྤུས་ཚད་100%ཟིན་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་པ། ཡར་ཀྲུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་སོགས་གཙང་པོ་གཙོ་བོ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དུ་རྒྱུག་པའི་ཆུའི་སྤུས་ཚད་ཚང་མ་རིགས་Ⅱགྱི་ཚད་གཞིར་སླེབས་པ། གྲོང་ཁྱེར(ས་ཁུལ)7གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་100%ཟིན་པ། གཙོ་གནད་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་དང་བཙོག་སྐྱོན་ཤོར་བའི་རྨོ་ཞིང་གནོད་མེད་ངང་བེད་སྤྱོད་བྱེད་པར་འགན་སྲུང་བརྟན་པོ་བྱུང་ནས་སྐྱེ་ཁམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་སོང་ཡོད།
སྔོ་ལྗང་རྩ་ཆེར་འཛིན་ནས་སྐྱེ་ཁམས་རིན་ཐང་ལས་དམངས་ལ་ཕན་པ་འདོགས་པ།
ནགས་སྲུང་བ་བསོད་ནམས་དོན་གྲུབ་ཀྱིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་དུ་སྐོར་སྲུང་བྱེད་སྐབས་ཡུག་འབྲེལ་གྱི་ལྗོན་ཤིང་ལ་ལྟ་བཞིན་དུ་མྱོང་ཚོར་ཟབ་མོས“འདི་གར་སྔོན་ཆད་བྱེ་རླུང་གིས་གཙེས་པའི་ཐང་རྒོད་ཡིན་པས། བྱེ་རླུང་ལྡང་སྐབས་མིའང་མཐོང་དཀའ། ད་ཆ་སྔོ་ལྗང་ཤིང་སྣའི་གོས་ཀྱིས་བཀླུབས་པ་དང་ཞིང་བཟང་མུ་དང་མུ་འབྲེལ་ནས་ཡོད་ལ། ང་ཚོ་ནགས་སྲུང་བར་ཟླ་རེར་གླ་ཆའང་ལེན་རྒྱུ་ཡོད། ཐང་རྒོད་འདི་ད་ཆ‘སྐྱེ་ཁམས་ཀྱི་ལྕགས་རི་རིང་པོར’གྱུར་ཡོད་ལ། ང་ཚོའི་ཡོང་འབབ་འཕར་བའི་ཞིང་ས་གཤིན་པོར་ཡང་གྱུར་ཡོད”ཅེས་བཤད།
བསོད་ནམས་དོན་གྲུབ་ཀྱི་མྱོང་ཚོར་ནི་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་མཉམ་དུ་འཕེལ་རྒྱས་བྱུང་བའི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་རེད། བོད་དུ་སྐྱེ་ཁམས་ལས་དམངས་ཕྱུག་དམངས་ཕན་བྱུང་བའི་ཕན་འབྲས་ཐོན་དང་ཐོན་མུས་ཡིན་ལ། དེ་དག་མིག་མཐོང་ལག་ཟིན་གྱི་དམངས་འཚོའི་བདེ་རྩར་ཡང་འགྱུར་བཞིན་ཡོད།
2021ལོ་ནས་2024ལོའི་བར། རིམ་རྩིས་བརྒྱབ་ན་བོད་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་136.8དོན་འཁྱོལ་བྱས་པ་དེས་ཞིང་འབྲོག་པ་ཁྲི་226.22ལ་ཕན་པ་ཐོབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་51.47ལས་མང་ཚོགས་ཁྲི་10.3སྤྱི་ཕན་ནགས་ཚལ་བདག་སྐྱོང་གི་ལས་དོན་ནང་ཆེད་མངགས(གཅིག་ལྕོགས)ཞུགས་རྒྱུ་བྱུང་བ། ལྗོངས་ཡོངས་སུ་ལོ་རེར་སྐྱེ་ཁམས་ལས་གནས་ཁྲི་50ལྷག་ཙམ་བཙུགས་པ། རྩྭ་ཐང་གི་ལྟ་འདོམས་ནས་འདམ་རའི་སྐོར་སྲུང་བར་དང་ནགས་ཚལ་གྱི་མེ་ཟོན་ནས་འཁྱགས་རོམ་གྱི་ལྟ་ཞིབ་ཚད་ལེན་བར། ཞིང་འབྲོག་པས“བདག་སྐྱོང་ལག་དེབ”ཁྱེར་ནས“སྐྱེ་ཁམས་ཀྱི་ཡོང་འབབ”གསོག་པ་དང་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད་ཀྱིན་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད།
ས་མཐོ་སྔོ་ལྗང་གིས་བརྒྱན་ནས་འཕེལ་རྒྱས་ཀྱི་ལམ་བུ་ཡངས་སུ་ཕྱིན་པ།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་མི་འཇམ་དབྱངས་ཀྱིས་ཅོག་ཙེའི་སྟེང་གི་ཇ་ཕོར་འཕྱིད་བཞིན་དགོད་འཚེར་འཚེར་ངང“ངའི་འགྲུལ་ཁང་ལ་ཉལ་ཁྲི་35ཡོད་པ་ཚང་མར་ཉིན་ལྟར་འགྲུལ་པས་ཁེངས་ཀྱི་འདུག སྔོན་ཆད་གློག་བརྟན་པོ་མེད་པས། ཆུ་སྐོལ་ཆས་དང་སྐུད་མེད་དྲ་རྒྱ་སྤྱོད་ཐབས་བྲལ། ད་ཆ་གློག་དྲ་ཆེན་པོ་འཁྲིད་པས་ཆུ་སྐོལ་ཆས་དང་དྲ་རྒྱ་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཐུབ་ལ་འགྲུལ་ཁང་གི་ཚོང་ཡང་ཇེ་བཟང་དུ་འགྲོ་ཡི་འདུག”ཅེས་བཤད།
འགྱུར་ལྡོག་དེ་དག་ནི“རི་གཉིས”ཀྱི་འདུ་ཤེས་ས་མཐོར་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད། ནུས་རྒྱུ་གཙང་མ་གསར་སྤེལ་དང་ཁྱད་ལྡན་ཐོན་ལས་རིམ་སྤོར་ཕྱོགས་གཉིས་ཀྱི་སྐུལ་འདེད་ལ་བརྟེན་ནས། བོད་ཀྱིས་སྔོ་ལྗང་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་རྨང་གཞི་ཞིག་ཏུ་འགྱུར་བཞིན་ཡོད།
ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། བོད་ཀྱིས“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་དམིགས་ཚད་གཏན་འཁེལ་བྱས་པས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2900ལས་བརྒལ་བ་དང་། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་96%ལས་བརྒལ་ཏེ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཁྲོད་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད།
སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ལྗང་མདོག་གི་གཞི་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ཡོད། གཞིས་རྩེ་གྲག་ཡེར་ཚྭ་ཁའི་ལྗང་མདོག་ཕྱོགས་བསྡུས་གསར་སྤེལ་གྱིས་ཏུན་ཁྲིའི་གློག་སྨན་རིམ་པའི་ཐཱན་སྐྱུར་ལིས་སྤྱོད་པའི་རྣམ་གྲངས་ལ་ཐཱན་རྫས་འབུད་ཚད་ཧ་ལམ་མེད་པ་དང་། “ཐཱན་མེད་ལིས་འདོན”ཕྱོགས་བསྡུས་ནུས་རྒྱུའི་རྣམ་གྲངས་2རྒྱལ་ཁབ་ཀྱི་ལྗང་མདོག་ཐཱན་ཉུང་དཔེ་སྟོན་ལས་གྲྭར་བདམས་པ་དང་། 2021ལོ་ནས་2024ལོ་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་17དང་ལྗང་མདོག་བཟོ་ལས་གླིང་1སྐྱེད་སྲིང་བྱས་པ་དང་བོད་མཚོའི་བཟོ་ལས་གླིང་དེ་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་བཅུ་པའི་གྲས་སུ་གཏན་འཁེལ་བྱས་པ། གྲངས་འཛིན་དཔལ་འབྱོར་གྱིས་ལྗང་མདོག་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་ཚད་མགྱོགས་སུ་ཕྱིན་པ་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)བདུན་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་བསྐྲུན་ནས་འཁོར་སྐྱོད་བྱས་པ། “ཡར་ཀླུང་གཙང་པོའི་ཨང་དང་པོ་རྟགས་ཅན”རིག་ནུས་རྩིས་རྒྱག་ལྟེ་གནས་སྐྲུན་འགོ་ཚུགས་པ་བཅས་ལས་ཕྱོགས་སྒྱུར་ལ་བློ་རིག་གི་སྒུལ་ཤུགས་བསྣན་ཡོད།
སྐྱེ་ཁམས་སྲུང་བཅད་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་ནས་དམངས་ཕྱུག་གི་ཞིང་ས་གཤིན་པོ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པའི་བར་དང་། ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་བྱུང་བ་ནས་ཐཱན་ཉུང་འཚོ་བའི་འདུ་ཤེས་མི་སེམས་སུ་ཟབ་ཏུ་སོང་བའི་བར་ལྗང་མདོག་འདི་ཉིད་བོད་ལྗོངས་འཕེལ་རྒྱས་འགྲོ་བའི་རྨང་གཞི་མངོན་གསལ་དོད་ཤོས་ཤིག་ཏུ་གྱུར་ཡོད། ད་ཆ་ས་མཐོ་འདི་ཉིད་སྐྱེ་ཁམས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གོམ་སྟབས་གཅིག་གྱུར་གྱི་མཛེས་རིས་ཤིག་ཀྱང་འབྲི་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།