བོད་ཀྱིས་ས་མཐོའི་མཐའ་མཚམས་ཀྱི་བདེ་སྐྱིད་ལམ་བུ་བསྐྲུན་པ།
གངས་རི་མུ་འབྲེལ་དུ་ཆགས་པ་དང་ཆུ་རྒྱུན་དྲག་ཏུ་རྒྱུག
དེ་སྔ་ཡུལ་འདི་ནི་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་ཚབ་མིང་ཞིག་ཡིན་ཞིང་། ཁང་པ་དམའ་བའི་ཁར་ཐབས་ཆག་ཅིག་ལས་མེད་པ་དང་ཡུན་རིང་ཕྱི་ཕྱོགས་དང་འབྲེལ་བ་ཆད་པ་མ་ཟད། ཉིན་མཚན་གཅིག་བསྐྱོད་ན་གཞི་ནས་རྫོང་གྲོང་དུ་འབྱོར་གྱི་ཡོད། ད་ཆ་དེ་གར་ལམ་བུ་བདེ་བ་དང་། གློག་བརྟན་པ། ཆ་འཕྲིན་ཤར་གཏོང་ཐུབ་པ་བཅས་ཡོད་ལ། བོད་བཟོའི་ཐོག་ཁང་ཆུང་ཆུང་གྲལ་སྟར་འགྲིག་པ་དང་ཡུལ་མི་ཚོ་བདེ་སྡོད་ལས་ལ་བརྩོན་བཞིན་ཡོད་པ་སྟེ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་བང་མདའ་གྲོང་ཚོར་མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་རྡལ་གྱི་ལེའུ་གསར་པ་རྩོམ་བཞིན་ཡོད།
མཐའ་མཚམས་དར་ན་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ངེས་པ་དང་། མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་མཚམས་བརྟན་པོ་ཡོང་ངེས་རེད། བོད་ཀྱི་སྤྱི་ལེ་4000ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་རྒྱུད་དུ་སྐར་ཚོགས་བཞིན་ཁྱབ་པའི་མཐའ་མཚམས་གྲོང་ཚོ་དག་སྐལ་བཟང་མེ་ཏོག་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རབ་ཏུ་བཞད་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ལ་གྱུར་ཡོད།
རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་བཏང་བ།
ཧི་མ་ལ་ཡའི་རི་རྒྱུད་དང་ཡར་ཀླུང་གཙང་པོ་འབབ་རྒྱུད་དུ་འཕྲོས་པའི་དྲོ་འཇམ་ཉི་འོད་ལས་མེ་ཏོག་རྫོང་གི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་བཞིན་ཡོད།
“མཐའ་མཚམས་སུ་གནས་མོད། འོན་ཀྱང་མེ་ཏོག་རྫོང་གི་འཕེལ་རྒྱས་གོམ་སྟབས་མཚམས་འཇོག་མྱོང་མེད་པ་དང་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ལི་ཅི་ཁྲེང་གིས་འཛུམ་དམུལ་དམུལ་ངང་བརྗོད།
ལི་ཅི་ཁྲེང་གིས“མཐའ་མཚམས་ཀྱི་འཐབ་ས་དང་པོར་ཆུ་ཚོད་24རིང་གློག་མཁོ་འདོན་བརྟན་པོ་ཐུབ་པ་དང་5Gདྲ་རྒྱ་གྲོང་ཚོ་དང་གྲོང་ལྷན་ཚང་མར་ཁྱབ་ཡོད། ན་ནིང་མེ་ཏོག་རྫོང་དུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་60ཟིན་པ་དེ་རྫོང་དེའི་མི་འབོར་གྱི་ལྡབ་40ལྷག་ཙམ་ཡིན་ཞིང་། ཡུལ་མི་སྔར་ལས་མང་བས་དམངས་སྲོལ་གནས་ཚང་དང་མཉམ་ལས་ཁང་གཉེར་བ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་2020ལོའི་སྒོར་ཁྲི་1.2ནས་2024ལོའི་སྒོར་ཁྲི་2.5བར་འཕར་ཡོད”ཅེས་བརྗོད།
མཐའ་མཚམས་གྲོང་རྡལ་འཕོ་འགྱུར་ཆེན་པོ་ཕྱིན་པ་མེ་ཏོག་རྫོང་ཙམ་ག་ལ་ཡིན།
མངའ་རིས་ས་ཁུལ་སྒར་རྫོང་འདེམ་འཇོག་གྲོང་ཚོར་སྐྱོད་སྐབས། ཐོག་ཁ་སྔོན་པོ་དང་། གྱང་དཀར་པོ། ཚོན་ཁྲ་ཅན་གྱི་བོད་བཟོའི་མདའ་གཡབ་བཅས་མིག་ལམ་དུ་ལྷམ་མེར་འཆར་ཞིང་། བར་སྣང་མཐོངས་ནས་བལྟས་ན་ཧ་ཅང་མངོན་གསལ་དོད་པོ་ཡོད།
དང་ཐོག་མའི་རྡོ་བརྩིགས་ཁང་པ་ནས་སོ་ཕག་དང་ཨར་འདམ་བསྲེས་མ་ལས་གྲུབ་པའི་བདེ་སྡོད་ཁང་པའི་བར་དང་། དེ་ནས་ད་ལྟའི་སྤྲོ་ཁང་རྣམ་པའི་ཁང་གསར་བར། འདེམ་འཇོག་གྲོང་ཚོའི་ཡུལ་མིའི་སྡོད་ཁང་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
དེ་སྔ“མི་གསུམ་ཤང”དུ་འབོད་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ད་ཆ་དུད་ཚང་67དང་མི་253ཡོད།
རྒྱལ་ཁབ་གློག་དྲས་ཆན་ཧྥུའུ་10ཡི་གློག་སྐུད་འཁྲིད་པ་ལས་ཡུལ་སྨད་ཀྱི་ཡུལ་མི་ཚོ་བདེ་འཇགས་དང་བརྟན་པའི་གློག་སྤྱོད་རྒྱུ་བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་བའི་ཆོས་ཡུལ་སྣུམ་ནག་གཞུང་ལམ་བསྐྱར་སྐྲུན་ལེགས་གྲུབ་ཟིན་པས་ཡུལ་སྨད་དུ་གངས་ཆེན་པོ་བབས་ནས་རི་རྒྱ་བསྡམས་པའི་དཀའ་ངལ་བསལ་བ། ཐོག་དམའ་ཞིང་གོག་ཧྲུལ་གྱི་ཁང་པ་དག་བོད་བཟོའི་སྒོ་ར་ཆུང་ཆུང་དུ་གྱུར་ནས་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་40ལྷག་ཙམ་ཟིན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཚང་མར་སྣུར་སྲིང་བྱས་པ་དང་། མཐའ་མཚམས་རྫོང་གྲོང་21ལ་སྤྱི་པའི་ཆུ་ཀ་ལ་ཁྱབ་ཚད་84.5%ཟིན་པ། གྲོང་ཚོ་ཚང་མར་སྦྲག་བསྐུར་ཤར་གཏོང་ཐུབ་པ། སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཡོངས་སུ་ཁྱབ་ཡོད། རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ཕན་ཚུན་འབྲེལ་མཐུད་ཐུབ་ནས་མཐའ་མཚམས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ།
གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྟག་རི་གྲོང་ཚོར་ས་བབ་སྨི་5100ཡོད་པ་དང་ཁྲུས་ཁང་དཀོན་པ་དེ་སྐབས་ཤིག་རིང་ཡུལ་མི་ཚོའི་སེམས་ནད་ཅིག་ཏུ་གྱུར་ཡོད།
2024ལོ་ནས་བཟུང་ཁང་དམར་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་210ལྷག་ཙམ་བཏང་ནས་སྲིད་འཛིན་གྲོང་ཚོ་ཚང་མར་སྤྱི་པའི་ཁྲུས་ཁང་བསྐྲུན་པ་མ་ཟད། སྔོན་ལ་སྟག་རི་གྲོང་ཚོ་ཚུད་པའི་མཐའ་མཚམས་གྲོང་ཚོ་དང་གྲོང་ལྷན་ཚང་མར་ཁྱབ་པར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྗོང་གནས་ཡུལ་ལྷོ་པ་མི་རིགས་ཤང་སློབ་ཆུང་གི་སློབ་དུས་གསར་པ་འཚོགས་ཤིང་། ལྷོ་པ་རིགས་དང་། མོན་པ་རིགས། བོད་རིགས་བཅས་ཀྱི་སློབ་མ་160ལྷག་ཙམ་སློབ་ཁང་གསར་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། མཐའ་སྟོབས་ལས་དོན་ལ་དམིགས་ནས་བོད་ཀྱིས་སློབ་གྲྭ་དང་། སྨན་ཁང་། རིག་གནས། ལུས་རྩལ། ཁྲོམ་ར་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྤྱི་འདོམས་ངང་བསྐྲུན་པས། མཐའ་མཚམས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཏེ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མཚམས་གྲོང་ཚོའི་མཐའ་མིའི་ཁ་གསབ་རོགས་དངུལ་2016ལོའི་མི་རེའི་ཆ་སྙོམས་སྒོར་1700དང་སྒོར་1500ནས་མིག་སྔའི་སྒོར་ཁྲི་1.5དང་སྒོར་8000བར་སོ་སོར་འཕར་ནས་འཕར་ཚད་ལྡབ་7.8དང་ལྡབ་4.3ཙམ་ཟིན་ཡོད།
རྫ་ཡུལ་རྫོང་གིས་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྤུས་ལེགས་ཀྱི་ཁམ་བུ་སྨི་ཧོའུ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ས་གནས་དེ་གའི་མང་ཚོགས་ལ་ས་ཞིང་བརྒྱུད་བཤུག་གི་ཁེ་འབབ་བཏོད་པ་མ་ཟད། ད་དུང་ལག་རྩལ་གསོ་སྦྱོང་བརྒྱུད་འདེབས་འཛུགས་འཇོན་ཐང་ཅན་ཁག་གཅིག་གསོ་སྐྱོང་ཡང་བྱས་ཡོད། 2024ལོར་རྫོང་ཡོངས་ཀྱི་ཁམ་བུ་སྨི་ཧོའུ་ཁོ་ནའི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་ཁྲི་2700ལས་བརྒལ་བ་དང་ཕན་པ་ཐོབ་པའི་མང་ཚོགས་2000ལྷག་ཙམ་ཟིན་ཡོད།
ཏི་ཡག་གི་ཀུ་ཤུ་དང་། གྲོ་མོའི་ཉ། མཚོ་སྣའི་ཇ་ལོ་སོགས་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་བྱུང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི“གསེར་གྱི་ལྡེ་མིག”ཏུ་གྱུར་ཡོད།
ཕྱི་ཕྱོགས་སྒོ་མོ་འབྱེད་པས་མཐའ་དར་དམངས་ཕྱུག་བྱུང་ཞིང་། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཐོན་ལས་འཕེལ་རྒྱས་བཏང་བ་དང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བས། 2024ལོར་བོད་ཀྱི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཉོ་ཚོང་དང་མཐའ་མིའི་ཉོ་ཚོང་ཁྲོམ་རའི་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར་35.32དང་སྒོར་ཁྲི་4400སོ་སོར་ཟིན་ཡོད།
མཐའ་སྲུང་གི་ཆོད་སེམས་སྔར་བས་བརྟན་པ།
ཇོ་མོ་གླང་མའི་འདབས་སུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་བྲིན་ཐང་གྲོང་ཚོར།
“ང་ཚོས་ལ་ཉག་ཏུ་སྐོར་གཡེང་བྱེད་སྐབས། ཕྱི་ཕྱོགས་སུ་བསྐྱོད་སའི་ལ་ཉག་ཏུ་ས་མཚམས་སྒྲོལ་མཁན་ཡོད་མེད་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ལག་རྩལ་འགོག་སྲུང་དང་དངོས་པོ་འགོག་སྲུང་གི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་ཀྱི་ཡོད”ལོ་50ལ་སླེབས་པའི་ཡུལ་མི་སྐལ་བཟང་ཚེ་རིང་གིས་ལོ་24ནས་མཐའ་མཚམས་སྐོར་གཡེང་བྱས་ཤིང་། “བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་ཞིག་ཡིན་པས། རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོའི་དྲིན་ལན་འཇལ་སྟངས་ཡག་ཤོས་དེ་ཡིན”ཞེས་བརྗོད།
རོང་ཤར་ཤང་དུ་མང་ཚོགས་ཀྱིས་རང་འགུལ་ངང་མཐའ་མཚམས་སྐོར་གཡེང་དང་མཐའ་སྲུང་གི་འགན་འཁྲི་འཁུར་གྱི་ཡོད། བདེ་འཇགས་མཉམ་འབྲེལ་འགོག་སྲུང་དང་ནགས་སྲུང་སོགས་ཀྱི་དཔུང་ཁག་མང་པོ་བཙུགས་པ་དང་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་ལས་ཀའི་ལམ་སྲོལ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་མཐའ་སྟོབས་མཐའ་བརྟན་གྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།
མཐའ་མཚམས་སུ་གཞི་ཚུགས་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད།
གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་ལ་མཐའ་མཚམས་ལམ་ཐིག་སྤྱི་ལེ་105དང་ཕྱི་ཕྱོགས་སུ་བསྐྱོད་སའི་ལ་ཉག་ལྔ་ཡོད།
ལོ་52ལ་སླེབས་པའི་འཕྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གི“ས་མཐོའི་སྦག་སྦག”མཐའ་སྲུང་རུ་ཁག་གི་རུ་དཔོན་སྲི་ཆོས་ཀྱིས་1996ལོར་རང་འགུལ་ངང་མཐའ་མཚམས་སྐོར་གཡེང་དང་མཐའ་མཚམས་སྲུང་སྐྱོང་གི་ལས་འགན་འཁུར་རྒྱུའི་རེ་ཞུ་ཕུལ་ཡོད། སྐབས་དེ་དུས་མི་གཅིག་ལས་མེད་པའི་མཐའ་མཚམས་སྐོར་གཡེང་རུ་ཁག་དེ་ད་ཆ་འབྲོག་པ་223ལས་གྲུབ་པའི“ས་མཐོའི་སྦག་སྦག”མཐའ་སྲུང་རུ་ཁག་ཅིག་ཏུ་འཕེལ་རྒྱས་བྱུང་ཡོད།
མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་། སྨན་གླིང་གྲོང་ཁྱེར་གནས་ལུང་ཤང་སོགས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕ་ཤུལ་བུ་འཛིན་དང་། བཟའ་ཚོ་ཆ་སྒྲིག གཅེན་གཅུང་མཉམ་རོགས་ལ་སོགས་པའི་མཐའ་མཚམས་ས་ཁུལ་ཀྱི་ས་སྲུང་མཐའ་སྲུང་དཔུང་ཁག་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བཞིན་ཡོད།
མིག་སྔར་བོད་ཀྱི་མཐའ་མཚམས་གྲོང་ཚོ་ཚང་མར་མཐའ་སྲུང་པ་ཡོད་པ་དང་ལྗོངས་ཡོངས་ཀྱི་མཐའ་སྲུང་པའི་ཁ་གསབ་ཚད་གཞི་དེ་2020ལོའི་ལོ་རེར་མི་རེར་ཆ་སྙོམས་སྒོར་ཁྲི་1.2ཡོད་པ་ནས་མིག་སྔའི་སྒོར་ཁྲི་1.8བར་མཐོ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།