2025ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་28ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་ཡོངས་བསྒྲགས་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་སྤུས་ལེགས་སྟོབས་ཆེན་དམངས་གཉེར་ཁེ་ལས་ཀྱིས་ལེའོ་ཉིང་ཕྱོགས་ཡོངས་ནས་དར་རྒྱས་དང་ཚད་བརྒལ་གསར་པ་ཡོང་བར་རམ་འདེགས་བྱེད་པའི་ཚོགས་ཆེན་ལེའོ་ཉིང་ཧྲེན་དབྱང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀའོ་ཡུན་ལུང་གིས་བསྟན་དོན། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་གདེང་ཚོད་བརྟན་དུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་ཡོད་ཚད་འདོན་དགོས། སྤོབས་སེམས་ཆེན་པོས་འགན་འཁྲི་འཁུར་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོ་དང་ཡག་པོ་སྐྱོད་དགོས། འཇོན་ཐང་ལ་ཞུན་བརྡར་ཧུར་ཐག་སྤྲད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། ཁ་དན་ཚིག་གནས་ངང་ཁྲིམས་སྲུང་གཉེར་སྐྱོང་བཅས་བྱས་ནས་འཛམ་གླིང་གི་ཁེ་ལས་རྩེ་གྲ་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས།
ཚོགས་འདུའི་ཐོག“2025ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500”ཡི་མིང་ཐོ་དང《2025ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་བརྟག་དཔྱད་ཞིབ་འཇུག་དང་དབྱེ་ཞིབ་སྙན་ཞུ》སོགས་ཡོངས་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།