ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་སྤུན་ཟླ་ཐའེ་དབན་བ་གདན་འདྲེན་ཞུ་རྒྱུ་ཡིན་པ།
ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥུང་ལན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། ཐའེ་དབན་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་ལོའང་རེད། ཟླ་9ཚེས་3ཉིན་པེ་ཅིང་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སོགས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་རྒྱུ་ཡིན་པར། སྤུན་ཟླ་ཐའེ་དབན་བ་ཚུད་པའི་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་གདན་འདྲེན་ཞུ་གི་ཡིན་ཞེས་བརྗོད་པ་རེད།
ཀྲུའུ་ཧྥུང་ལན་གྱིས་རི་འགོག་དམག་འཁྲུག་ནི་མི་རིགས་ཡོངས་ཀྱིས་བརྩམས་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཞིག་རེད། སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་དེའི་ཆེད་དུ་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། སླད་ཕྱིན་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། འདས་ཟིན་པའི་ལོ་རྒྱུས་ཐོག་ནས་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་དང་བློ་གཅིག་སེམས་གཅིག་གིས་མེས་རྒྱལ་གཅིག་གྱུར་གྱི་དྲང་བདེན་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཀྲུའུ་ཧྥུང་ལན་གྱིས་འབྲེལ་ཡོད་གནད་དོན་ལ་ལན་འདེབས་སྐབས། 1931ལོ་ནས་1945ལོའི་བར་ཀྲུང་གོ་མི་དམངས་ཀྱིས་ལོ་14ཙམ་དཔའ་ངར་ཆེན་པོས་འཐབ་འབད་ལྷོད་མེད་བྱས་པ་བརྒྱུད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་མ་ཟད། རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ལོ་ངོ་50བཙན་བཟུང་བྱས་པའི་ནོར་བུའི་གླིང་ཕྲན་ཐའེ་དབན་འདི་ཉིད་མེས་རྒྱལ་གྱི་པང་དུ་ལོག་རྒྱུ་བྱུང་ཡོད། ཐའེ་དབན་སླར་གསོ་བྱས་ནས་མེས་རྒྱལ་གྱི་པང་དུ་ལོག་པ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་སྔོན་འགྱེལ་རྗེས་མཐུད་དང་ཁྲག་བཏོན་དམར་འཛིང་བྱས་པའི་རླབས་ཆེན་གྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་དྲན་གསོ་བྱེད་རིན་ཡོད་པ་ཞིག་ཡིན་ཞེས་བསྟན་པ་རེད།
ཀྲུའུ་ཧྥུང་ལན་གྱིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ང་ཚོས་སྤུན་ཟླ་ཐའེ་དབན་བ་དེ་བས་མང་བ“སྐམ་ས་ཆེན་པོར”ལྟ་སྐོར་དུ་ཡོང་སྟེ། དྲང་པོ་དྲང་བདེན་གྱི་སྐམ་ས་ཆེན་པོ་དང་། རྒྱུས་མངའ་ཆེ་ཞིང་བརྩེ་བ་ཟབ་པའི་རང་ཡུལ་གྱི་གནའ་ཉམས། སྐམ་ས་ཆེན་པོའི་སྤུན་ཟླ་ཚོའི་ཟོལ་མེད་ཀྱི་བརྩེ་དུང་བཅས་དངོས་འབྲེལ་ཚོར་ཐུབ་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཀྱང་ཐའེ་དབན་ལ་ཕན་པ་དང་དམངས་ལ་ཕན་པའི་སྲིད་ཇུས་སྔར་ལས་མང་པོ་མུ་མཐུད་བཏོན་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་དབར་སྤེལ་རེས་དང་འགྲོ་འོང་བྱེད་པར་ཆ་རྐྱེན་ཡག་པོ་སྔར་ལས་མང་བ་བསྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།