རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་200ཙམ་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་སོགས་སུ་ལྟ་སྐོར་དང་བཅར་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་སུ་ལྟ་སྐོར་དང་བཅར་འདྲི་བྱེད་པའི་བྱེད་སྒོ་ཐོག་མ་གཉེར་ཞིང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་200ཙམ་གྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དང་། ཝན་ཕིང་གྲོང་། ལུའུ་ཀོའུ་ཟམ་པ་སོགས་སུ་ལྟ་སྐོར་དང་བཅར་འདྲིར་སྐྱོད་པ་རེད།
ཕྱི་ཕྱོགས་སུ་ལྟ་སྐོར་དང་བཅར་འདྲི་བྱེད་པའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར”ཞེས་པ་དེ་ཡིན་ཞིང་། བྱེད་སྒོར་ཞུགས་མཁན་གསར་འགོད་པ་ནི་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་སྨྱན་སྦྱོར་130ལྷག་ཙམ་ནས་ཡོང་བ་ཤ་སྟག་རེད།
《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ》ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་སྐབས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་འགྲེལ་བཤད་ཉན་པ་རེད།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་ཀོན་ཀྲང་གཞོན་པ་ལའེ་ཧྲེང་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནང་པར་རིས་1525དང་རིག་དངོས་3237འགྲེམས་སྟོན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་དེ་བཙུགས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་ཆེན་པོར་བརྟེན་ནས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་རྒྱལ་ཁབ་འཚོ་གནས་དང་། མི་རིགས་བསྐྱར་དར། མིའི་རིགས་ཀྱི་དྲང་བདེན་བཅས་ཀྱི་ཆེད་འཐབ་འཛིང་བྱས་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་པ་ཕྱོགས་ཡོངས་ནས་མཚོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།