དཔའ་ངར་ཆེན་པོས་འགན་འཁྲི་འཁུར། ས་མཐོར་ཕུགས་འདུན་དོན་གཉེར་བྱེད།
—— ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།
2022ལོའི་ཟླ་8པ་ཚུན་དུ། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་6གཏིང་སྐྱེས་རྫོང་དུ་འབྱོར་ནས་དེ་གོང་གི་ཁག་ཐེངས་འགའི་བོད་སྐྱོར་ལས་བྱེད་པའི་ལས་དོན་མུ་མཐུད་བསྒྲུབས་ཤིང་། ཁོང་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། གཏིང་སྐྱེས་རྫོང་གི་མི་རིགས་མཐུན་སྒྲིལ་དང་། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་འཕེལ་རྒྱས་བཅས་ཀྱི་ཕྱིར་མུ་མཐུད་ཐབས་འདོན་ཇུས་འབུལ་དང་ནུས་ཤུགས་བཏོན་ནས་མི་སེམས་འགུལ་བའི་བོད་སྐྱོར་གྱི་བསྟོད་གླུ་བླངས་ཡོད།
ཤེས་ལྡན་པ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ཁུངས་དང་པོ་རེད། གཏིང་སྐྱེས་རྫོང་གི་ངོས་ནས་བརྗོད་ན། ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེན་པོ་རེད། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ཀྱང་གནད་དོན་དེར་ངོས་འཛིན་གཏིང་ཟབ་ཐུབ་སྟེ། 2023ལོ་ནས་བཟུང་། གནས་སྦྱར་སྦྱོང་བརྡར་དང་སྤེལ་རེས་སློབ་སྦྱོང་སོགས་བྱ་ཐབས་ནུས་ལྡན་སྣ་ཚོགས་བརྒྱུད། ལོ་ལྟར་གཏིང་སྐྱེས་རྫོང་གི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པ། སྨན་དོན་པ་སོགས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཁྲང་ཁྲུན་དུ་གནས་སྦྱར་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པར་མངགས་ཡོད། མིག་སྔའི་བར། གཏིང་སྐྱེས་རྫོང་གི་ལས་བྱེད་པ་དང་། སྨན་པ། གྲོང་ཚོའི་ལས་བྱེད་པ་བཅས་32སྔ་རྗེས་སུ་ཁྲང་ཁྲུན་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་དང་ཆུས་སུ་གནས་སྦྱར་སྦྱོང་བརྡར་བྱེད་བཞིན་ཡོད། གནས་སྦྱར་སྦྱོང་བརྡར་བྱེད་རིང་། ཁོང་ཚོས་ས་གནས་དེ་གའི་ལས་དོན་ཁག་ནང་ཧུར་ཐག་ཞུགས་ནས་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་། ལས་ཀ་བྱེད་སྟངས། ཆེད་ལས་རྩལ་ནུས་བཅས་སྦྱངས་པས། ལས་འགན་སྒྲུབ་ནུས་དང་ལས་ཀའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། གཏིང་སྐྱེས་རྫོང་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་པའི་སྟོབས་ཤུགས་གྲབས་གསོག་བྱས་ཡོད།
“གཏིང་སྐྱེས་རྫོང་གི་ལེགས་ཆ་སྐྱེ་ཁམས་ཡིན་ལ། འཕེལ་རྒྱས་ཀྱི་བར་མཐོངས་ཀྱང་སྐྱེ་ཁམས་ལ་ཐུག་ཡོད”ཅེས་པ་འདི་ནི་བོད་སྐྱོར་ལས་བྱེད་པ་ཚོས་ཟླ་བ་གཉིས་ཙམ་བརྟག་ཞིབ་དང་བཅར་འདྲི་བྱས་པ་བརྒྱུད། གཏིང་སྐྱེས་རྫོང་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པ་ལས་ཐོབ་པའི་སྡོམ་ཚིག་ཅིག་རེད། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་རྣམ་གྲངས་འཛུགས་སྐྲུན་དེ་འགག་གནད་སྒྲོལ་སར་བྱས་ཏེ། ཞིང་འབྲོག་ཐོན་ལས་དང་། དྲོད་ཁང་ཆེན་པོ། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་བཅོས། གླ་ཚེར་འདེབས་འཛུགས། ཁྱད་ལྡན་ལག་ཤེས་བཟོ་ལས་ལས་སྣོན། ཐོན་ལས་འཁོར་འབྲེལ་སྣུར་སྲིང་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། བོད་སྐྱོར་བྱས་ནས་ལོ་གསུམ་སོང་རིང་། ཁྲང་ཁྲུན་གྲོང་ཁྱེར་གྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་7687བཏང་ནས་གཏིང་སྐྱེས་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར། གཏིང་སྐྱེས་རྫོང་དུ་ཡུལ་སྐོར་མི་གྲངས་2022ལོའི་མི་ཁྲི་3.4ནས་2024ལོའི་མི་ཁྲི་12.6བར་མང་དུ་ཕྱིན་ཡོད།
སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་སློབ་གསོའི་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ནང་འདྲེན་དང་ཕྱིར་གཏོང་ཟུང་འབྲེལ་གྱི་འཐབ་ཇུས་མཐའ་འཁྱོངས་ཀྱིས་གཏིང་སྐྱེས་རྫོང་གི་སློབ་གསོའི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། སློབ་གསོ་སྟོབས་ཆེའི་རྫོང་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ནས་ལས་དོན་ཧུར་ཐག་བསྒྲུབས་ཡོད། ཁོང་ཚོས་སྔ་རྗེས་སུ་ཁྲང་ཁྲུན་གྲོང་ཁྱེར་གྱི་མ་དངུལ་བསྡོམས་འབོར་སྒོར་ཁྲི་1000བཏང་བའི་སློབ་གསོའི་ནུས་པ་ཆེར་གཏོང་རྣམ་གྲངས་ལག་བསྟར་དང་སྦྲེལ་མཐུད་བྱས་ནས་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ། སློབ་ཁྲིད་ཐོན་ཁུངས་ལེགས་སུ་གཏོང་བ་སོགས་ཕྱོགས་མང་པོ་ནས་འགོ་བཙུགས་ཏེ། གཏིང་སྐྱེས་རྫོང་གི་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
བདེ་ཐང་ནི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རྨང་གཞི་རེད། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་གཏིང་སྐྱེས་རྫོང་གི་མི་དམངས་མང་ཚོགས་ཀྱི་བདེ་ཐང་སེམས་ལ་བཞག་ནས་ཁྲང་ཁྲུན་གྲོང་ཁྱེར་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཁྱོན་མ་དངུལ་སྒོར་ཁྲི་1500བཏང་ནས་གཏིང་སྐྱེས་རྫོང་གི་སྨན་བཅོས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བའི་རྣམ་གྲངས་གཉེར་བ་དང་། རྒྱང་བསྟེན་ནད་བརྟག་སྨན་བཅོས་མ་ལག་གི་ལས་སྟེགས་བསྐྲུན་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། གཏིང་སྐྱེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་སྔོན་ཐོན་གྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད། 2022ལོ་ནས་བཟུང་། ཅི་ལིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གིས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་དང་སྨན་པ་བཀའ་བཅུ་པ་10མངགས་ཏེ། གཏིང་སྐྱེས་རྫོང་དུ་སྨན་བཅོས་བྱེད་པར་སྐུལ་འདེད་བཏང་ཞིང་། ལོ་ལྟར་སྨན་བཅོས་བྱེད་པའི་དུས་ཡུན་ཟླ་བ་9ཡིན་པ་དང་། དེའི་རིང་སྔ་རྗེས་སུ་གཏིང་སྐྱེས་རྫོང་གི་ནད་པ་78ལ་གཤགས་བཅོས་དང་དྲག་སྐྱེད་ཡོང་བའི་འགན་ལེན་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
ཁྲང་ཁྲུན་དང་གཏིང་སྐྱེས་དབར་ལེ་དབར་སྟོང་གིས་ཆོད་མོད། འོན་ཀྱང་ཕན་ཚུན་དབར་གྱི་བརྩེ་སེམས་རྒྱ་མཚོ་ལས་ཟབ། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ནི་བརྩེ་སེམས་དེ་བརྒྱུད་སྤྲོད་བྱེད་མཁན་ཡིན་ཞིང་། ཁོང་ཚོས་བསམ་པ་རྣམ་དག་ལ་བརྟེན་ནས་སེམས་སྦྲེལ་ཟམ་པ་མང་པོ་བསྐྲུན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་བོད་སྐྱོར་གྱི་སྙིང་སྟོབས་གསལ་འགྲེལ་བྱས་ཏེ། ས་གནས་གཉིས་པོའི་བརྩེ་སེམས་ཟབ་མོར་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།