བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་ཚོགས་སྐབས་བདུན་པར་ཞུགས་པ།
ཟླ་8ཚེས་28ཉིན། “གསར་གཏོད་དང་། ལྗང་མདོག དར་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་ཚོགས་སྐབས་བདུན་པ(གཤམ་དུ་ཀྲུང་ཨ་འགྲེམས་ཚོགས་ཞེས་བསྡུ་རྒྱུ)ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བས་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་འགྲེམས་ཚོགས་ལ་ཞུགས་པ་དང་འབྲེལ་བོད་ལྗོངས་འགྲེམས་ཁང་དུ་སྐོར་ཞིབ་གནང་བ་རེད།
བོད་ལྗོངས་འགྲེམས་ཁང་དུ་བཀྲ་ཤིས་ཟླ་བ་དང་བཅས་པས་བོད་ལྗོངས་གནམ་མཚོ་ཁེ་ལས་དང་ལྷ་ས་པུའུ་རུའི་བོད་ཀྱི་སྦྲང་རྩི་ཀུང་སི་སོགས་འགྲེམས་ཞུགས་ཁེ་ལས་16གི་འགྲེམ་གནས་རེ་རེ་བཞིན་ལ་ཕེབས་ཏེ། བོད་སྨན་དང་། སྤོས། ཚགས་ཤའི་ཐོན་རྫས་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་འགྲེམས་རྫས་ལ་གཟིགས་པ་མ་ཟད། འགྲེམས་ཞུགས་ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་བྱས་ཚུལ་ཞིབ་ཕྲ་གསན་པ་དང་བོད་ལྗོངས་འགྲེམས་ཁང་གི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་ཁྱད་ཆོས་མངོན་གསལ་དོད་པའི་སྒྲིག་གཤོམ་ཇུས་འགོད་ལ་ཁས་ལེན་གང་ལེགས་གནང་བ་རེད།
བཀྲ་ཤིས་ཟླ་བས། ཀྲུང་ཨ་འགྲེམས་ཚོགས་ཀྱི་སྒོ་དབྱེའི་ལས་སྟེགས་གང་ལེགས་སྤྱད་དེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཁུལ་ཁོངས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁྱད་ལྡན་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་དང་འཛམ་གླིང་དུ་འགྲེམས་སྟོན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།