ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་བདེ་འཇགས་གླེང་སྟེགས་འབར་མའི་རང་ཀོང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རང་ཀོང་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་བདེ་འཇགས་གླེང་སྟེགས་འབར་མའི་རང་ཀོང་དུ་འཚོགས་ཤིང་། གླེང་སྟེགས་ཐོག་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བ་དང་ས་ཁོངས་ཡུལ་སྐོར་གྱི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱས་ནས་དངོས་སྒྲུབ་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་དང་ལམ་སྲོལ་རང་བཞིན་གྱི་མཉམ་ལས་བྱ་རྒྱུ་དེ་རེད།
ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་དང་། འབར་མའི་གསོལ་མགྲོན་ཁང་། ཡུལ་སྐོར་པུའུ། དེ་བཞིན་རྫ་ཆུ་དང་མའེ་ཀུང་གཙང་པོའི་རྒྱུད་ཀྱི་ཕྱོགས་བསྡུས་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལྟེ་གནས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལྟེ་གནས་ཀྱི་དྲུང་ཆེ་ཧྲི་ཀྲུང་ཅུན་གྱིས་ཤིས་ཚིག་སྒྲོན་སྐབས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་ལས་རིགས་ཏོག་གསར་རིམས་ནད་རྗེས་ཅུང་ཟད་སླར་གསོ་བྱུང་མོད། འོན་ཀྱང་བདེ་འཇགས་ཀྱི་ཉེན་ཁ་དང་། གློག་འཕྲིན་ཁ་བསླུས། ཆ་འཕྲིན་རྫུན་མ། ས་ཁུལ་དབར་གྱི་གདོང་གཏུག་སོགས་ཀྱི་གནད་དོན་གྱིས་སྤྱི་དམངས་ཀྱི་ཡིད་ཆེས་ལ་སྔར་བཞིན་ཤུགས་རྐྱེན་ཐེབས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་ཅེས་བརྗོད།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ཀའོ་ཅིན་ཧུང་གིས་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་མཉམ་དུ་འགན་འཁྲི་འཁུར་ཏེ་ལག་གདང་སྦྲེལ་ནས་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ཡུལ་སྐོར་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། ཀྲུང་གོའི་ཡུལ་སྐོར་བདེ་འཇགས་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཀྱི་དཔེ་མཚོན་གཏོད་དགོས་ཞེས་བརྗོད།
འབར་མའི་གསོལ་མགྲོན་ཁང་དང་ཡུལ་སྐོར་པུའུ་དང་ལུས་རྩལ་དང་གཞོན་ནུ་ལས་དོན་པུའི་པུའུ་ཀྲང་གཅིག་ལྕོགས་ཅེ་ཕེང་ནའོ་ཏང་གིས། ཚད་གཞི་མཐོ་བའི་ཡུལ་སྐོར་དམིགས་སའི་ཁུལ་གྱི་བདེ་འཇགས་མ་ལག་ཧུར་ཐག་བསྐྲུན་ནས། ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། འབར་མས་འབར་ཀྲུང་དབར་གྱི་མཉམ་ལས་ཟབ་ཏུ་ཧུར་ཐག་བཏང་ནས་ཡུལ་སྐོར་བདེ་འཇགས་ཀྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།
རྫ་ཆུ་དང་མའེ་ཀུང་གཙང་པོའི་ཕྱོགས་བསྡུས་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་ལྟེ་གནས་ཀྱི་དྲུང་ཆེ་གཞོན་པ་ལི་ཏ་ཝུའུ་ཡིས། ལྟེ་གནས་ཀྱིས《ནེ་པི་ཏུའི་བསྒྲགས་གཏམ》སོགས་ཀྱི་མཉམ་ལས་སྒྲོམ་གཞིར་བརྟེན་ནས་གསང་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་བྱ་སྤྱོད་སོགས་ཕྱོགས་མང་མཉམ་ལས་བརྒྱུད་ས་ཁོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུ་དང་། ཕྱོགས་ཁག་གིས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ནས་བདེ་འཇགས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་བདེ་འཇགས་སྟབས་བདེ་དང་རྒྱུན་མཐུད་ཆོག་པའི་ཡུལ་སྐོར་ཁོར་ཡུག་ཐུན་མོང་ཐོག་སྐྲུན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།