ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་རེད།
ཧྥུའུ་ལ་ཅི་སྨིར·ནུའོ་ལུའོ་ཧྥུའུ།
ཧྥུའུ་ལ་ཅི་སྨིར·ནུའོ་ལུའོ་ཧྥུའུ།
2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་མི་རིང་བར་ཐེན་ཅིན་དུ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དབུ་ཚོགས་སྐབས་ཤིག་ཡིན་པ་རེད། ཨུ་ཟ་བྷེ་ཁི་སི་ཐན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་འཛུགས་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་ལ། ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དགེ་མཚན་ལྡན་པའི་མཉམ་ལས་ནི་རྩ་འཛུགས་དེ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་སུ་གྱུར་ཡོད།
དེང་སྐབས་འཛམ་གླིང་སིལ་ཧྲུག་ཅན་གྱི་འཕེལ་ཕྱོགས་ཛ་དྲག་ཏུ་ཕྱིན་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྡབ་རྡེག་ཕོག་གི་ཡོད། རྒྱབ་ལྗོངས་དེའི་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོ་ཅན་དོ་སྙོམས་མེད་པ་དང་དེ་བཞིན་འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་གོ་ཆོད་པའི་ཇུས་གཞི་བཏོན་ཏེ་དྲང་གཞག་དང་བསྟུན་མཁས་ཀྱི་སྣེ་མང་ཅན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་ཆགས་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡིད་དབང་འཕྲོག་ནུས་གལ་ཆེན་ནི་དེའི་མཉམ་ལས་བྱེད་སྟངས་ལ་རག་ལས་ཤིང་། གྲོས་མོལ་གཅིག་མཐུན་དང་། བདག་དབང་ལ་བརྩི་འཇོག ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་སོགས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་ཁག་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་བརྟེན་ནས་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དབར་འཐབ་ཇུས་ཀྱི་རང་བརྟེན་ཆེ་རུ་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལས་སྟེགས་གལ་ཆེན་དུ་འགྱུར་བཞིན་ཡོད། “ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་རྣམ་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བར་གོ་སྐབས་མཁོ་འདོན་བྱས་པ་དང་། ཕྱོགས་ཁག་དབར་མཐུན་སྦྱོར་མཉམ་ལས་བྱས་པ་བརྒྱུད་ལྗང་མདོག་དཔལ་འབྱོར་དང་། གྲངས་འཛིན་ཅན། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་སུ་གསར་གཏོད་མཉམ་ལས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་བཏོན་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་བཏོན་པའི་འདུ་ཤེས་དང་གྲོས་འགོ་རབ་དང་རིམ་པ་སོགས་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ལག་ལེན་ཧུར་ཐག་བསྟར་ཡོད། 2024ལོ་དང་2025ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན། ཀྲུང་གོས“‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་བཏང་བ་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ”ཞེས་པ་འབོད་ཚིག་ཏུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་སྤེལ་བཏང་བ་དང་། ལྟ་ཞིབ་པའི་རྒྱལ་ཁབ་དང་སྐད་ཆ་ཤོད་རེས་དང་རོགས་ཟླའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཤུགས་རྐྱེན་ཐེབས་ཤུགས་དང་དབང་གྲགས་རང་བཞིན་ཆེ་རུ་གཏོང་རོགས་བྱེད་ཀྱི་ཡོད། ཆེད་ལས་ཀྱི་ནུས་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་ཀྲུང་གོས་རྩ་འཛུགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་སྒྲོམ་གཞི་འཐུས་ཚང་དང་ལག་ལེན་གྱི་ཕན་ནུས་ཆེར་གཏོང་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡོད།
ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཕན་ཚུན་སྦྲེལ་མཐུད་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གཞོན་ནུའི་སྤེལ་རེས་དང་དེ་བཞིན་མཉམ་འབྲེལ་ཚན་ཞིབ་སོགས་ཀྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡོད་ཅིང་། ཨུ་ཀྲུང་དབར་ཉོ་ཚོང་བྱེད་ཚད་མགྱོགས་མྱུར་འཕར་བ་དང་ཀྲུང་གོ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་བསྐྲུན་ཚར་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཟོག་འགྲེམས་འབྲེལ་མཐུད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་ཤུགས་སྣོན་ཐེབས་ངེས་རེད། ས་ཁོངས་བརྒལ་བའི་མཉམ་ལས་དང་། ཉོ་ཚོང་རྒྱ་སྐྱེད། རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་མཉམ་ལས་རྣམ་གྲངས་ལག་བསྟར་བཅས་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་རྨང་གཞི་ནུས་ལྡན་ངང་བརྟན་དུ་སོང་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ངའི་ལས་རིགས་དང་འཚོ་བ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ངས་དེ་སྔ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེའི་འགན་ཁུར་ནས་རྩ་འཛུགས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་། སྐབས་དེར་ས་ཁོངས་ཆབ་སྲིད་ཛ་དྲག་སོགས་ཀྱི་འགྲན་སློང་མང་པོར་འཕྲད་ཀྱང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལམ་སྲོལ་གྱི་བརྟན་བརླིང་རང་བཞིན་སྔར་མུས་ལྟར་རྒྱུན་འཁྱོངས་བྱས་པ་མ་ཟད། མཉམ་ལས་དེ་སྲོལ་རྒྱུན་བདེ་འཇགས་དང་དཔལ་འབྱོར་ཁྱབ་ཁོངས་ནས་གྲངས་འཛིན་ཕྱོགས་སྒྱུར་དང་། ལྗང་མདོག་འཕེལ་རྒྱས། གསར་གཏོད་སོགས་ཁྱབ་ཁོངས་གསར་པའི་བར་རྒྱ་སྐྱེད་བཏང་ཡོད། མིག་སྔར་ངས་ཨེ་ཤེ་ཡ་དབུས་མའི་མི་ཐབས་རིག་ནུས་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་ནས་ཀྲུང་གོ—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་ལག་རྩལ་མཉམ་ལས་ཀྱི་འཕེལ་རྒྱས་གླེང་སྟེགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རིག་མཛོད་མཐོ་རིམ་གླེང་སྟེགས་སོགས་ཀྱི་བྱེད་སྒོར་ཞུགས་པ་ཡིན།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བར་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྔར་བས་དམིགས་ཏེ། ཚོང་དོན་སྟབས་བདེ་ཅན་དང་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་དབར་གྱི་ལྗང་མདོག་ནུས་རྒྱུ་དང་གནམ་གཤིས་མཉམ་ལས་ལ་སྐུལ་སྤེལ་གཏོང་བ། མི་ཐབས་རིག་ནུས་དང་། དྲ་རྒྱའི་བདེ་འཇགས། ལག་རྩལ་གླིང་བཅས་འཛུགས་སྐྲུན་ལག་བསྟར་ཧུར་ཐག་བཅས་བྱེད་དགོས་ཤིང་། བྱེད་ཐབས་དེ་དག་བརྒྱུད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཇུས་གཞི་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་ཐུབ་པའི་ཡིད་ཆེས་ཡོད།
(རྩོམ་པ་པོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།