ཧྲེན་ཀྲེན་གྱིས་གང་ས་ཅི་ཐད་ནས“གསར་གཏོད་གྲོང་ཁྱེར”བསྐྲུན་པ།
“ཧྲེན་ཀྲེན་གྱི་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་བཟང་པོས་ང་ཚོའི་གྲུབ་འབྲས་མགྱོགས་མྱུར་ཐོན་ལས་ཅན་དུ་བསྒྱུར་ཡོད། ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་མེད་པར་བཟོས་པ་མ་ཟད། ལས་རིགས་ཀྱི་ཚད་གཞི་བཟོ་བའི་ཁྲོད་དུའང་ཞུགས་ཡོད” ཕ་ཤིས་ཉི་ཤེས་ཚོར་ཚན་རྩལ(ཧྲེན་ཀྲེན)ཚད་ཡོད་ཀུང་སིའི་མཉམ་འབྲེལ་གསར་གཏོད་པ་ཉེ་ཤང་རུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་བཙུགས་ནས་ལོ་4ལས་མ་སོང་བར་རེག་ཚོར་ཚོར་ཆས་གོ་ལ་ཧྲིལ་པོར་ཕྱིར་གཏོང་བྱེད་ཚད་ལས་རིགས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།
2023ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“ཁེ་ལས་ཀྱི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀོང་ཏུང་ཧྲེན་ཀྲེན་གྱིས་ཁེ་ལས་བྱེད་པོར་བྱེད་པ་དང་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གྱི་ནུས་ཆེ་མཐུན་སྦྱོར་དང་མཉམ་འདྲེས་གཏིང་ཟབ་ཀྱི་གསར་གཏོད་མ་ལག་མགྱོགས་མྱུར་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ཧྲེན་ཀྲེན་གྱི་སྤྱི་ཚོགས་ཡོངས་ཀྱིས་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་རྒྱུན་མཐུད་མང་དུ་བཏང་བ་དང་། 2024ལོར་གྲོང་ཁྱེར་ཡོངས་ཀྱི་འཐབ་ཇུས་རང་བཞིན་གསར་དར་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་1.56ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་42.3%བཟུང་བ། ལོ་གསུམ་བསྟུད་མར་ལོ་ལྟར་སྒོར་དུང་ཕྱུར་སྟོང་གི་སྐས་རིམ་ལས་བརྒལ་བ་བཅས་རེད།
“འཁོར་འབྲེལ་བཞི་མཉམ་འདྲེས”ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་བཏང་བ།
ཕ་ཤིས་ཉི་གནས་པའི་ཧྲེན་ཀྲེན་ལྷོ་རི་ཁུལ་དུ་རིང་ཚད་ལ་སྤྱི་ལེ་10ཙམ་ཡོད་པའི“འཕྲུལ་མིའི་ལུང་གཞུང”ཞིག་ཡོད་པ་དང་། དེས“མཐོ་སློབ་དང་། ཞིབ་འཇུག་ཁང་། ཁེ་ལས”བཅས་ཟུང་འབྲེལ་གྱི་ལག་རྩལ་གཞན་སྒྱུར་དང་ཐོན་ལས་མཐུན་སྦྱོར་མ་ལག་ལ་བརྟེན་ནས། ཁེ་ལས་མང་པོ་འདུས་པའི་གོ་ལ་ཧྲིལ་པོའི་འཕྲུལ་མིའི་ཐོན་ལས་ཀྱི་མཐོ་སར་འགྱུར་བཞིན་ཡོད།
“ཧྲེན་ཀྲེན་གྱིས་སྲིད་ཇུས་དང་། མ་རྩ། ཤེས་ལྡན་པ་སོགས་གསར་གཏོད་ཐོན་ཁུངས་སྔར་ལས་མང་བ་ཁེ་ལས་ལ་བཀོད་སྒྲིག་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་གི་ཡོད”ཧྲེན་ཀྲེན་གྲོང་ཁྱེར་ཚན་རྩལ་གསར་གཏོད་ཅུས་ཀྱི་ཅུས་ཀྲང་ཀྲང་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྲིད་སྟོན་ཐེབས་རྩ་དང་། སྒོར་དུང་ཕྱུར་བརྒྱ་རིམ་པའི་ལྷའི་ཕོ་ཉའི་ཐེབས་རྩ་ཨ་མ། སྒོར་དུང་ཕྱུར་20ཡི་ཚན་རྩལ་གསར་གཏོད་ས་བོན་ཐེབས་རྩ་བཅས་བཙུགས་ནས་སྒེར་བསྡུ་རྐང་དབང་གསར་གཏོད་མ་འཇོག་ཐེབས་རྩའི་དོ་དམ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.5ལས་བརྒལ་བ། ཚན་རྩལ་ཤེས་ལྡན་པར་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་རིམ་པ་མཐོ་བའི་ཤེས་ལྡན་པ་ཁྲི་2.6ལྷག་ཙམ་འདུས་ཡོད།
2024ལོར་ཧྲེན་ཀྲེན་གྱི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་གྲངས་འབོར་ཁྲི་2.5ལས་བརྒལ་བ་དང་ཆ་སྙོམས་སྤྱི་ལེ་ངོས་གྲུ་རེར་ཁེ་ལས་12རེ་ཡོད།
ལས་སྟེགས་དང་གཞི་རྟེན་སྟོབས་ཆེན་བསྐྲུན་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱས་པ།
ཉ་ལྕིབས་འབྱར་ཚི་ཅན་གྱི་སྤྲི་དཀར་ཁྲོད་ནས་བླངས་པའི་འཇིབ་ཤུགས་ཆེ་བའི་རྒྱུ་ཆ་དེས་རྨ་ཁ་མགྱོགས་པོ་གསོ་ཐུབ་ལ། བཀོལ་སྤྱོད་ཀྱི་མདུན་ལམ་ཡང་ཆེན་པོ་ལྡན་མོད། འོན་ཀྱང་སྔོན་ཆད་ཉ་ལྕིབས་འབྱར་ཚི་ཅན་གྱི་སྤྲི་དཀར་བཟོ་བའི་ལས་ཆོད་ཅུང་དམའ་པོ་ཡོད།
“ང་ཚོས་འདུས་གྲུབ་སྐྱེ་དངོས་ལག་རྩལ་སྤྱད་དེ་ཤོང་ཚད་ཏུན་1ཡོད་པའི་སྐྱུར་བསྙལ་ལྕགས་ཀྲིན་ཉིན་གཉིས་ནང་ཉ་ལྕིབས་འབྱར་ཚི་ཅན་སྟོང་ཁེ་2ཐོན་སྐྱེད་བྱེད་ཐུབ”ཅེས་ཧྲེན་ཀྲེན་པའེ་དབྱིན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་འཛུགས་མཁན་ཀྲུང་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲེན་ཀྲེན་གྱི་འདུས་གྲུབ་སྐྱེ་དངོས་ཞིབ་འཇུག་གི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་བརྟེན་ནས་ཀུང་སིས་ལག་རྩལ་དེ་ཐོན་ལས་ཅན་དུ་གྱུར་བར་ཚད་བརྒལ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། ཧྲེན་ཀྲེན་གྱིས་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་མགྱོགས་མྱུར་བསྐྲུན་ནས་འདུས་གྲུབ་སྐྱེ་དངོས་ཞིབ་འཇུག་སོགས་ཚན་རིག་སྒྲིག་ཆས་ཆེན་པོ་ཁག་གཅིག་བཀོད་སྒྲིག་བྱས་ནས་ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་བཏོད་ཡོད། མིག་སྔར། ཧྲེན་ཀྲེན་དུ་རིགས་ཁག་གི་གསར་གཏོད་གཞི་རྟེན་4000ལྷག་ཙམ་ཡོད་པ་དང་། ཕེང་ཁྲེང་ཚོད་ལྟ་ཁང་དང་། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་20 ཀོང་ཏུང་ཞིང་ཆེན་གྱི་ཚོད་ལྟ་ཁང་4བཅས་བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་གསར་གཏོད་ལྟེ་གནས་6བསྐྲུན་པའི་ཆོག་མཆན་ཡང་ཐོབ་ཡོད།
ཡུལ་རྣམ་ཐོན་ཁུངས་སྤྱད་ནས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ།
“ནད་ཚབས་ལྕི་བའི་ལྟ་སྐྱོང་ཁང་དུ་འདྲ་དཔེས་ནད་པའི་གྲངས་གཞིར་གནད་སྨིན་དབྱེ་ཞིབ་བྱས་ཏེ་ནད་ཐོ་བཟོ་ཐུབ་པ་མ་ཟད། རང་གཤིས་ཅན་གྱི་སྨན་བཅོས་གྲོས་འགོ་ཡང་འདོན་ཐུབ”པེ་ཅིང་སློབ་ཆེན་ཧྲེན་ཀྲེན་སྨན་ཁང་དུ་ནད་ཚབས་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ལུའོ་ཧྭ་ཡིས་མིས་བཟོས་རིག་ནུས་ཀྱི་ལས་རོགས་ཏེ། ཐེང་ཤུན་དང་མའེ་རུའེ་སྨན་བཅོས་ཀྱིས་མཉམ་དུ་ཞིབ་སྤེལ་བྱས་པའི་ཆི་ཡོན་ནད་ཚབས་ལྕི་བའི་འདྲ་དཔེ་སྤྱོད་ཀྱི་ཡོད། ཆི་ཡོན་ནད་ཚབས་ལྕི་བའི་འདྲ་དཔེ་དེ་ཧྲེན་ཀྲེན་དང་། ཧྲང་ཧའེ། ཀྲེ་ཅང་ཧང་ཀྲོའུ་སོགས་ཀྱི་སྨན་ཁང་མང་པོ་ཞིག་ཏུ་བེད་སྤྱོད་བྱེད་བཞིན་ཡོད།
“ཧྲེན་ཀྲེན་གྱིས་གྲོང་ཁྱེར་ཧྲིལ་པོ་ལག་རྩལ་གསར་པ་དང་ཐོན་རྫས་གསར་པའི་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་ཡུལ་རྣམ་ཐོན་ཁུངས་སྤྱད་པ་བརྒྱུད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བཞིན་ཡོད”ཅེས་ཧྲེན་ཀྲེན་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མོ་ཕེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲེན་ཀྲེན་གྱིས་རིམ་རྩིས་བརྒྱབ་ན“གྲོང་ཁྱེར་དང་མིས་བཟོས་རིག་ནུས”ཟུང་འབྲེལ་གྱི་ཉེར་སྤྱོད་ཡུལ་200ཙམ་དང་། མཁོ་འདོན་བྱེད་ཐུབ་པའི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཇུས་གཞི་གསར་པ་བཅས་140ཁྱབ་བསྒྲགས་བྱས་པ་དང་། དམའ་དབྱིངས་འཕུར་འབབ་ས་ཚིགས་ཁག་915བསྐྲུན་ནས་མི་མེད་གནམ་གྲུས་སྡེབ་སྐྱེལ་ཚོད་ལྟ་བྱས་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ཧྲེན་ཀྲེན་གྱིས་ནུས་ཤུགས་ཡོད་རྒུས་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྤུས་ལེགས་བསྐྲུན་པ་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པ་བཅས་བྱས་ཏེ། ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས“གསར་གཏོད་གྲོང་ཁྱེར”འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་ཀོང་ཏུང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་མོང་ཧྥན་ལི་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།