དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་རུང་ཅང་གིས་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལག་ལེན་བསྟར་ནས་ལས་ཞུགས་ཀྱི་ལས་གནས་བཏོད་པ།

    སྒོ་ཁར་འགྲོ་ལམ་བསྐྲུན་པས་དབུལ་སྒྲོལ་དུད་ཚང་ལ་འབབ་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུའུ་པིན།   |     སྤེལ་དུས།  2025-08-28

    ལོ་སྟོད་དུ།

    ས་གནས་ཁག་གིས་འཚོ་རྟེན་ལས་སྤྲོད་ཀྱི་ཀྲུང་དབྱང་ཆེད་སྤྱོད་མ་འཇོག་རྣམ་གྲངས་ལག་ལེན་བསྟར་ཞིང་། རིགས་ཁག་གི་གཙོ་གནད་ལས་གྲྭའི་རྣམ་གྲངས་དང་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཁྲོད་འཚོ་རྟེན་ལས་སྤྲོད་དུས་གཅིག་ཏུ་ཁྱབ་གདལ་ཤུགས་ཆེན་བཏང་བ།

    རིམ་རྩིས་བརྒྱབ་ན། ཡོང་འབབ་དམའ་བའི་མང་ཚོགས་ཁྲི་208ཐག་ཉེ་སར་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་32%འཕར་བ།

    ངལ་ནུས་གླ་ཆ་སྒོར་དུང་ཕྱུར་223སྤྲད་པ་དེ་དུས་མཚུངས་ལས་34%འཕར་བ།

    ཚ་གདུག་རབ་ཏུ་ཆེ་བའི་གནམ་གཤིས་བསྟན་ཡང་རི་འདབས་ནས་རི་རྩེ་བར་གྱི་ཐོན་ལས་ལམ་ཞིག་བར་མཚམས་མེད་པར་སྐྲུན་བཞིན་ཡོད།

    དེ་ནི་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་ལེང་ཝང་ཤང་ཝུའུ་ཞ་གྲོང་ཚོའི་ཇ་ལོ་དཀར་པོའི་ཐོན་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཅིག་རེད་ལ། ས་གནས་དེ་གའི་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཤིག་ཀྱང་རེད།

    “ལམ་ཤར་གཏོང་ཐུབ་ཚེ་ཇ་ལོ་དཀར་པོ་ཕྱིར་གཏོང་ལ་སྟབས་བདེ་ཡོང་རྒྱུ་མ་ཟད། ད་དུང་ཁྱིམ་གྱི་སྒོ་ཁར་ཡོང་འབབ་ཀྱང་གསོག་ཐུབ་པས། ཚང་མ་ལམ་བཟོ་བའི་ལས་ཀར་ཧུར་ཐག་ཞུགས་ཡོད”ཅེས་དབུལ་སྒྲོལ་དུད་ཚང་ཝུའུ་ཤིའུ་ཧྭ་ཡིས་འཛུམ་མདངས་འཕྱུར་བཞིན་བརྗོད།

    གྲོང་ཚོའི་མཉམ་ལས་ཁང་དུ་ཇ་ར་མུའུ་521ཡོད་པ་དང་ཞིང་བྲེལ་ཆེ་བའི་དུས་སུ་ལོ་56ལ་སླེབས་པའི་ཝུའུ་ཤིའུ་ཧྭ་ཡིས་བཟའ་ཟླ་དང་མཉམ་དུ་ཇ་རར་རྩྭ་ངན་བཀོག་པ་དང་ཡལ་ག་འབྲེག་པར་སྐྱོད་ཀྱི་ཡོད་ལ། མི་རེར་ཉིན་རེར་གླ་ཆ་སྒོར་100དང་ལོ་རེར་ཟླ་བ་གསུམ་ལས་ཀ་བྱེད་ཀྱི་ཡོད། དེ་བྱིངས་ཀྱི་དུས་ཚོད་ནང་ཁོང་གཉིས་པོ་ལས་ཡུལ་དུ་སོང་ནས་གླ་པ་རྒྱུག་བཞིན་པ་དང་ཉིན་གཅིག་ལ་གླ་ཆ་སྒོར་150ཡོད། ད་ལོའི་ཟླ་བ་གཉིས་པར། ཇ་རར་ཐོན་ལས་ལམ་སྐྲུན་རྒྱུ་ཡིན་པ་ཐོས་རྗེས། ཁོང་གིས་འཕྲལ་མར་གྲོང་ཚོ་ཨུ་ལྷན་དང་ལས་མི་བཀོལ་སྤྱོད་ཀྱི་གན་རྒྱ་བཞག་པ་རེད།

    “གྲོང་ཚོ་ཡོངས་ལ་མི་897ཡོད་པ་ལས་དབུལ་སྒྲོལ་དུད་ཚང་གིས་ཕྱེད་ཀ་བཟུང་ཡོད་ཅིང་། ངལ་རྩོལ་ཐུབ་མཁན་560ཡོད་པའི་ནང་མི་300ཡིས་ཕྱིར་གླ་པ་རྒྱུག་པ་ཕུད། དེ་བྱིངས་ཀྱི་མི་མང་ཆེ་བ་ལོ་50ཡན་ཆད་ཡིན་པས་ཐབས་ཤེས་བཙལ་ནས་ཁོང་ཚོར་ཡུལ་དེ་གར་ལས་ཞུགས་ཐུབ་པར་བྱེད་དགོས་ཀྱི་ཡོད། དེ་སྔ་མཉམ་ལས་ཁང་གི་ཇ་ར་ནས་ལོ་གཅིག་ལ་ལས་མི་མི་ཐེངས་བདུན་བརྒྱ་བརྒྱད་བརྒྱ་ཙམ་བཀོལ་སྤྱོད་བྱེད་པ་དང་གླ་ཆ་བསྡོམས་སྒོར་ཁྲི་90ཙམ་སྤྲོད་ཀྱི་ཡོད། ད་ལོ་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ལག་ལེན་བསྟར་བས། ཆ་སྙོམས་ཉིན་རེར་ལས་མི་སུམ་ཅུ་བཞི་བཅུ་ཙམ་བཀོལ་སྤྱོད་བྱེད་པ་དང་བཅུ་ཆ་བརྒྱད་ཡན་ནི་དབུལ་སྒྲོལ་དུད་ཚང་རེད”ཅེས་ཝུའུ་ཞ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཀོང་ཧྥན་གྱིས་བརྗོད།

    ཁག་མཇུག་ཤོས་ཀྱི་དབུལ་སྒྲོལ་རྫོང་གི་གྲས་ཤིག་ཡིན་པའི་ངོས་ནས། འདི་ལོ་ཚུན་དུ་རུང་ཅང་རྫོང་ལ་འཚོ་རྟེན་ལས་སྤྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་5386ཐོབ་པ་དང་། རྣམ་གྲངས་9ལག་ལེན་བསྟར་བ། ལས་མི་900ལྷག་ཙམ་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ། ངལ་ནུས་གླ་ཆ་སྒོར་ཁྲི་800ལྷག་ཙམ་སྤྲད་པ་བཅས་རེད། རྣམ་གྲངས་དེ་དག་གྲོང་ཚོ་ཁག་གིས་ཡིག་ཐོག་ནས་རེ་ཞུ་བྱེད་པ་དང་དེ་ནས་རྫོང་འཕེལ་སྒྱུར་ཅུས་སོགས་སྡེ་ཚན་གྱིས་ཞིབ་མཆན་འགོད་ཀྱི་ཡོད། འགྲོ་ལམ་སོགས་ཐོན་ལས་ཀྱི་ལེ་ལག་ཆ་ཚང་ཕུད། ད་དུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་གཞན་དག་ཡོད་ལ། ཚང་མ་ལེགས་གྲུབ་བྱུང་རྗེས་སྔོན་དཔག་བྱས་ན་ལས་མི་1800ལྷག་ཙམ་བསྡུ་རྒྱུ་དང་། ངལ་ནུས་གླ་ཆ་སྒོར་ཁྲི་2000ལྷག་ཙམ་སྤྲོད་རྒྱུ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་འཕར་རྒྱུ་བཅས་རེད།

    “འཚོ་རྟེན་ལས་སྤྲོད་རྣམ་གྲངས་བརྒྱུད་དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་ཐུབ་སྟེ‘རྣམ་གྲངས་ཆུང་ངུར’བརྟེན་ནས‘དམངས་འཚོ་ཆེན་པོར’སྐུལ་ཁྲིད་ཐུབ་ཡོད”ཅེས་རུང་ཅང་རྫོང་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏོན་པི་ཅོན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།