དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རིག་གནས་ཉམས་ལེན་དང་ཡུལ་སྐོར་ཐོན་རྫས་བྲིན་ཚོང་གི་ཐབས་མཆོག་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན། ཟླ་བ་ཚེ་རིང་།   |     སྤེལ་དུས།  2025-08-28

    ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པར་བརྟེན་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་བྱེད་སྒོ་ཇེ་མང་དང་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད། རིག་གནས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་བྱེད་སྒོར་རིག་གནས་ཀྱི་རྣམ་པ་ཟབ་ལ། སྤྲོ་སྣང་ལྡན་པའི་ཉམས་ལེན་དང་ཕུན་སུམ་ཚོགས་པའི་སློབ་གསོའི་རིན་ཐང་ཡང་ལྡན་པས། ཡུལ་སྐོར་བ་རྒན་དར་གཞོན་གསུམ་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་རེད། རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་དར་ན་མི་རིགས་དར། རིག་གནས་ཀྱི་གདེང་ཚོད་ཆེན་པོ་དང་རིག་གནས་ཀྱི་གྲ་རྒྱས་གོང་འཕེལ་མེད་ན་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་མི་སྲིད་ཅེས་གསུངས་ཡོད། རིག་གནས་གོང་འཕེལ་གྱི་བྱ་གཞག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཀྱང་ཡིན། རིག་གནས་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཡིན་ལ། མི་རྣམས་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཏུ་ཕྱོགས་པའི་བསམ་བློའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། རིག་གནས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་བྱེད་སྒོ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐབས་མཆོག་ཅིག་ཡིན་ཏེ། ཡུལ་སྐོར་བྱེད་ཞོར་གནའ་དེང་རིག་གནས་མྱོང་རོལ་ཐུབ་པ་དང་། ཡུལ་སྐོར་བྱེད་ཞོར་གནའ་དེང་རིག་གནས་ལ་རྒྱུས་མངའ་ལོན་པ། ཡུལ་སྐོར་བྱེད་ཞོར་གནའ་དེང་རིག་གནས་ཀྱི་ཉིང་བཅུད་རྟོགས་པ་བཅས་ཤོག་བུ་སྣུམ་གྱིས་ཟོས་པའི་དཔེ་ལྟར་མངོན་ལྐོག་གང་རུང་ནས་མི་རྣམས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་རྒྱུ་རུ་གྱུར་དང་འགྱུར་མུས་སུ་མཆིས།

    དེའང་འགག་རྩ་ནི་ཐོན་ཁུངས་སྔོག་འདོན་ལ་ཐུག་ཡོད་དེ། དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། གླུ་གར། ཟློས་གར། གཞས་མ་གཏམ། ཐང་གའི་སྒྱུ་རྩལ། དམངས་སྲོལ། སྲོལ་རྒྱུན་ལག་ཤེས་སོགས་ལ་རིག་གནས་ཀྱི་ནང་དོན་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པས། དེ་དག་གི་ཐོན་ཁུངས་སྔོག་འདོན་བྱས་ཏེ། ཡུལ་སྐོར་བའི་མིག་གི་སྟོན་མོ་དང་རིག་གནས་ཐོན་རྫས་ཉོ་འཚོང་གི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ན། རིག་གནས་ཉམས་ལེན་བྱེད་ཞོར་རིག་གནས་ཐོན་རྫས་ཉོ་ཚོང་གི་དམིགས་ཡུལ་ཡང་བསྒྲུབས་ནས། གཅིག་གོ་ཉིས་ཆོད་ཡོང་བར་ཐེ་ཚོམ་ཅི། དེས་ན་ཐོག་མར་གནའ་ཉམས་དོད་པའི་རིག་གནས་ཤུལ་བཞག་ལ་དེང་རབས་ཀྱི་སྲོག་གི་དབང་པོ་བསྣན་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱིས་གང་དེའི་རིག་གནས་ཀྱི་ནང་དོན་ཟབ་ཤོས་དང་། སྒྱུ་རྩལ་གྱི་རིན་ཐང་དང་དཔལ་འབྱོར་གྱི་ཁེ་ཕན་ཆེ་ཤོས་མངོན་པར་བྱེད་དགོས། དཔེར་ན། ཐང་གའི་སྒྱུ་རྩལ་ལ་མཚོན་ན། གང་དེའི་སྒྱུ་རྩལ་གྱི་རིན་ཐང་དང་། ལོ་རྒྱུས་ཀྱི་མཚོན་དོན། གྲུབ་མཐའི་དབྱེ་བ་དང་ཁྱད་ཆོས་སོགས་སྔོག་འདོན་གཏིང་ཟབ་བྱས་ཏེ། མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཞིབ་འཇུག་སློབ་གཉེར་གྱི་དཔྱད་གཞིའི་མཛོད་ཅིག་གྲུབ་པར་བྱེད་དགོས། ད་ཆ་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར་པའི་བོད་ལྗོངས་རྟེན་མཛོད་ཁང་དང་། གཡག་རྟེན་མཛོད་གླིང་། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྟེན་རྫས་བཤམས་མཛོད་ཁང་སོགས་ནི་རིག་གནས་དང་ཡུལ་སྐོར་ཟུང་དུ་འབྲེལ་ནས་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་དང་དཔལ་འབྱོར་གྱི་ཁེ་ཕན་ཆེ་ཤོས་མངོན་པར་བྱེད་པའི་དཔེ་མཚོན་ལྟ་བུ་རེད། དེ་བཞིན་གངས་ལྗོངས་སྐར་མའི་གོ་ལ་ཉམས་ལེན་ཁང་ནི་རིག་གནས་དང་། ཡུལ་སྐོར། ཉམས་ལེན་བཅས་ཟུང་དུ་འབྲེལ་བ་དང་། རིག་གནས་ཉམས་ལེན་དང་ཡུལ་སྐོར་ཐོན་རྫས་བྲིན་ཚོང་ཟུང་དུ་འབྲེལ་བའི་དཔེ་མཚོན་ཞིག་ཡིན་པས། ཕྱིས་འབྱུང་ང་ཚོས་སྙེ་མོའི་སྤོས་དང་བོད་ཤོག པར་བརྐོ། ཤེལ་གྲོང་འབྲོང་རྩེད། འཇུན་པའི་ཀོ་རྩེད། ལྷོ་ཁའི་བྲོ། རྩ་མདའི་ཤོན། སྟེང་དཀར་རྒྱ་གཞས། ལྷ་སའི་ནང་མ་སོགས་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་དང་། ཡུལ་སྐོར། ཉམས་ལེན་བཅས་ཟུང་དུ་འབྲེལ་བའི་ཐབས་མཆོག་ལ་བརྟེན་ནས་ཡུལ་སྐོར་བར་རིག་གནས་ཀྱི་ནང་དོན་དང་སྒྱུ་རྩལ་གྱི་རིན་ཐང་ཉམས་ལེན་དང་ལོངས་སྤྱོད་ཐུབ་ལ། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལའང་ཁྲིད་སྟོན་བྱེད་ཐུབ།

    རིག་གནས་ཤུལ་བཞག་དང་ཞིབ་འཇུག་སློབ་གཉེར་ཟུང་འབྲེལ་བྱེད་པ་ནི་གནད་ཀྱི་དམ་པ་ཡིན་ཞིང་། ཞིབ་འཇུག་སློབ་གཉེར་གྱི་ལག་ལེན་སློབ་ཚན་དང་ཡུལ་སྐོར་གྱི་སྐོར་ལམ་རྩེ་གྲ་གསར་སྤེལ་བྱས་ནས། རིག་གནས་ཤུལ་བཞག་གི་རྟེན་གཞི་དང་། སྲུང་སྐྱོང་རྒྱུན་འཛིན། ཞིབ་འཇུག་སློབ་གཉེར་རམ་གསོ་སྦྱོང་བཅས་ཟུང་དུ་འབྲེལ་བའི་སློབ་གསོའི་ལག་ལེན་རྟེན་གཞི་བསྐྲུན་ཏེ། རིག་གནས་ཤུལ་བཞག་གི་བཟོ་ཁང་དང་། འགྲེམས་སྟོན་ཁང་། རྒྱུན་འཛིན་ཉམས་ལེན་ཁང་། རྒྱུན་འཛིན་པའི་ལས་དོན་ཁང་སོགས་ཀྱི་སྒྲིག་བཀོད་དང་ཆ་རྐྱེན་ལེགས་སུ་གཏོང་དགོས། རིག་གནས་རྣམ་གྲངས་དང་ཡུལ་སྐོར་གནས་མཆོག་ཟུང་དུ་འབྲེལ་བའི་ཐབས་མཆོག་ལ་བརྟེན་ནས་རིག་གནས་འགྲེམས་སྟོན་དང་ལག་རྩལ་རྒྱུན་འཛིན་གྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་བསྐྲུན་པའམ། རིག་གནས་ཤུལ་བཞག་དང་གྲོང་གསེབ་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། ཁམས་གསོའི་ཡུལ་སྐོར། ལུས་རྩལ་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར། དུས་ཆེན་ཡུལ་སྐོར་སོགས་ཟུང་འབྲེལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས། དེའང་དཔེར་ན་ལྷ་སའི་ཞོ་སྟོན་དང་། འདམ་སྤྱི་རིམ། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་སོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་གང་དེའི་ཐོན་ཁུངས་སྔོན་འདོན་བྱས་ཏེ། ས་གནས་ཀྱི་ཡོང་འབབ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་གོ་སྐབས་བཟང་ཤོས་བསྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།