བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་བཞི་པ།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་སྒོ་བན་དང་རྟེན་འབྲེལ་གོས་དར་ཐོག་གི་ཕྱག་བྲིས་ཕྱག་བསྟར་མ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ང་ཚོས་མི་རིགས་མཐུན་སྒྲིལ་ལས་དོན་དེ་བས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རང་རྒྱལ་གྱི་མི་རིགས་ཁག་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་རེད། རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་དང་། ལོ་རྒྱུས་རིང་མོ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ་ཞིག མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ་ཞིག་བཅས་རེད། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དེ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་སྤེལ་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ལས་ཁུངས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཁེ་ལས། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་དཔེ་བཟང་ཁུལ་འཛུགས་གཏོད་ཁྱབ་གདལ་གཏོང་བར་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དེ་ཁྱབ་ཁོངས་དེ་བས་ཆེ་བ་དང་། མངའ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་ཐུབ་པར་སྐུལ་འདེད་གཏོང་དགོས།
བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་ཡིན་པས། ཏང་གི་ཆོས་ལུགས་སྲིད་ཇུས་རྒྱུན་སྲིང་ལག་བསྟར་བྱེད་དགོས་པ་སྟེ། “རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ”དང“བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས” རྒྱང་ལམ་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར། ས་མཐོ་ལས་མཐོ་བའི་བསམ་པའི་གནས་ཚད་ཁྲོད་ནས་འབད་འབུངས་ཀྱི་སྟོབས་ཤུགས་ལེན་དགོས། གངས་ལྗོངས་ས་མཐོར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་གདུང་རབས་ཕྱེ་ན། “སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནས“དཀའ་ངལ་ལ་མི་སྐྲག་པ་དང་། འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་སྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་བར་ཚང་མ་ནི་གསར་བརྗེའི་མེས་པོ་ཚོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དཀའ་སྤྱད་འབད་བརྩོན་ཁྲོད་གསར་གཏོད་བྱས་པ་ཞིག་རེད། མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར། ང་ཚོས་ཐོག་མཐའ་བར་གསུམ་དུ་སྙིང་རུས་བརྟན་འཁྱོངས་དང་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་། སྒྲིག་བཀུར་ཁྲིམས་སྲུང་། གཞུང་དྲང་སྤྱོད་གཙང་བཅས་ཀྱི་གཟུགས་བརྙན་ལ་བརྟེན་ནས་ལས་ཀའི་ཁྲོད་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རང་སོ་སོའི་ལས་གནས་ཐོག་མུ་མཐུད་འབད་བརྩོན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་ནི་མི་རིགས་ཁག་གིས་ལག་གདང་དཔུང་སྦྲེལ་གྱིས་འབད་འཐབ་བྱེད་པའི་ཁྲོད་ད་གཟོད་མངོན་འགྱུར་བྱེད་ཐུབ། མཐུན་སྒྲིལ་ཡར་ཐོན་གྱི་བོད་ལྗོངས་དང་དར་རྒྱས་གོང་འཕེལ་གྱི་བོད་ལྗོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་དེ་བས་སྲ་བརྟན་དང་ནུས་ལྡན་གྱི་གོམ་སྟབས་སྤོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།