ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡར་འཚོཌ་པ།
ཀྲུང་ཧྥེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས། མཉམ་དུ་འཕེལ་རྒྱས་ཁེ་དབང་མངོན་འགྱུར་བྱེད།
ཚེས་22ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ཀྲེ་ཅང་དགེ་འོས་སློབ་ཆེན། ཨེ་ཙེ་ཨོ་ཕི་ཡའི་སྲིད་ཇུས་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་འཚོགས་པ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་40ལྷག་ཙམ་ནས་ཡོང་བའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས། ཁེ་ལས། རིག་མཛོད། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་གྲངས་200ལྷག་ཙམ་གྱིས“ཀྲུང་ཧྥེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས། མཉམ་དུ་འཕེལ་རྒྱས་ཁེ་དབང་མངོན་འགྱུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་བྱས་ཤིང་། ཚོགས་ཞུགས་སྐུ་མགྲོན་གྱིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཨ་ཧྥེ་རི་ཁའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་བྱས་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འགྲོ་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་ཆེད་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་ཀྱང་བྱས་པ་རེད།
ཚོགས་ཞུགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཁས་དབང་ཚོས། འཕེལ་རྒྱས་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་གླེང་བ་ནི“རྩ་བ་མེད་པའི་ལྗོན་ཤིང་དང་འདྲ་བར”བརྟེན། དབུལ་ཕོངས་སེལ་བ་དང་། འབྲུ་རིགས་བདེ་འཇགས་འགན་སྲུང་། འཚོ་གནས་དབང་ཆ་འགན་ལེན། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་གི་ངོ་བོའི་རང་བཞིན་གྱི་ཡར་རྒྱས་མངོན་འགྱུར་བྱེད་དགོས། “ཀྲུང་ཧྥེའི་ཏ་ལེ་སི་ས་ལ་མུའུ་ཡི་ཐུན་མོང་ངོས་འཛིན”ནང་འཕེལ་རྒྱས་འགྲོ་ལམ་གྱི་གདམ་ག་ནི་རྒྱལ་ཁབ་དེ་གའི་གནས་ཚུལ་དང་རང་ངོས་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་དགོས་ཞེས་ནན་བཤད་བྱས་པ་དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ཐུན་མོང་གི་འདོད་བློ་མཚོན་པ་ཞིག་རེད་ཅེས་བརྗོད་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོ་ཡིས། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་རྟག་བརྟན་གྱི་བརྗོད་དོན་གཙོ་བོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡང་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ཉིད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་བརྩི་བ་མཐའ་འཁྱོངས་དང་། མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རིན་ཐང་དོན་གཉེར་མཐོ་ཤོས་སུ་བརྩི་བ། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གྲུབ་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ཞིག་ཏུ་བདེ་བླག་ངང་བསྐྱོད་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཡོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པ་ནི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པ་དང་། མིའི་རིགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཡང་དག་པའི་བགྲོད་ལམ་ཡིན་པ་མཚོན་ཡོད་ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་བ་མ་ཟད། ཨ་ཧྥེ་རི་ཁའི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་སྟངས་གསར་གཏོད་ཀྱང་བྱས་ཡོད། ཁོང་ཀོ(ཁེན)ཁ་ས་ཝུའུ་པུའུ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་ཚན་ཁག་གི་ཀྲུའུ་རེན་ཨན་ཏུང་ནེ·ལུང་ཀང་གིས“ཀྲུང་གོས་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་། དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཐོག་ནས་ཨ་ཧྥེ་རི་ཁའི་དམངས་འཚོ་ལེགས་གཏོང་དང་ཡར་རྒྱས་གོང་འཕེལ་བཏང་ནས་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་སྲུང་བྱེད་པར་རོགས་རམ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
མོ་རི་ཐ་ནི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་མུའུ་ཧན་མོ་ཏེ·ལེ་པ་ཐེ་ཡིས“མི་ཁ་ཤས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གཏན་འཁེལ་བྱེད་མི་རུང་ལ། གཞན་ལ་བཙན་འགོལ་གྱིས་མི་གཞན་གྱི་རིན་ཐང་ལྟ་བ་དང་། ཁེ་ཕན། རང་དབང་གི་གདམ་ག་བཅས་སྣང་མེད་དུ་གཏོང་དུ་འཇོག་མི་རུང”ཞེས་བཤད་པ་རེད།
“ཀྲུང་གོའི་ཇུས་གཞི་ནི་ཚད་ལྡན་གྱི་དྲིས་ལན་ཞིག་མིན་མོད། འོན་ཀྱང་ང་ཚོར་རང་ཚུགས་ངང་གནད་དོན་ཐག་གཅོད་བྱེད་པའི་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད། དེ་ནི་ལྷོ་ལྷོ་མཉམ་ལས་ཀྱི་ཉིང་བཅུད་ངོ་མ་རེད”ཅེས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》མཐུན་སྦྱོར་དཔོན་ས་ལ་ཧོས་དེ་ལྟར་མྱོང་ཚོར་ཆེན་པོའི་ངང་བརྗོད།
ཀྲེ་ཅང་དགེ་འོས་སློབ་ཆེན་ཨ་ཧྥེ་རི་ཁ་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིའུ་ཧུང་ཝུའུ་ཡིས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་འཚོལ་ཞིབ་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་སྔར་བས་འདྲ་མཉམ་དང་། དྲང་གཞག ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། ཁོང་གིས། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆུ་ཚད་མཐོ་བའི་འགྲོ་བ་མིའི་ཐོབ་ཐང་མཉམ་ལས་ཀྱིས་ཕྱོགས་གཉིས་པོའི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་དང་། དྲང་གཞག་དང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་ཀྲུང་ཧྥེའི་བློ་གྲོས་ཀྱི་སྟོབས་ཤུགས་སྣོན་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།