“ཀྲུང་གོའི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”
—— དབྱིན་ཇིའི་རྒྱལ་ཁབ་རིག་གཞུང་སློབ་གླིང་གི་ཡོན་ཧྲི་དང་ཅན་ཆའོ་སློབ་ ཆེན་གྱི་སློབ་སྤྱི་གཞོན་པ་ཧྥང་ཏེ་ཝན་ལ་བཅར་འདྲི་བྱས་པ།
ཧྥང་ཏེ་ཝན།
“ཀྲུང་གོ་ནི་རི་པིན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་མཁན་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་མེ་མདའ་དང་པོ་དེ་བརྒྱབ་ཡོད། སྐབས་དེར་ཨ་རིས་ཁེར་རྐྱང་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཡོ་རོབ་འདི་ཉིད་འཇར་མན་གྱི་ན་ཙི་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་ཀྱི་གཏུམ་སྤྱོད་རྡོག་རོལ་དུ་བཏང་བས་ཀྲུང་གོ་མི་དམངས་ཀྱིས་རི་པིན་གྱི་དམག་ཤུགས་འབོར་ཆེན་ལ་ཞུམ་པ་མེད་པར་འགོག་རྒོལ་དང་བཀག་འགོག་བྱས་པས། འཛམ་གླིང་དམག་ཆེན་གཉིས་པའི་ཨེ་ཤེ་ཡའི་གཡུལ་སའི་དུས་བབ་བསྒྱུར་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཀྲུང་གོའི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་དབྱིན་ཇིའི་རྒྱལ་ཁབ་རིག་གཞུང་སློབ་གླིང་གི་ཡོན་ཧྲི་དང་། ཅན་ཆའོ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ། ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཧྥང་ཏེ་ཝན་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་འཁྲུག་ཁྲོད་ཐོན་པའི་ནུས་པའི་སྐོར་གླེང་སྐབས། ཧྥང་ཏེ་ཝན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་མཐུན་སྒྲིལ་གཙིགས་སུ་འཛིན་པ་དང་མི་རིགས་ཡོངས་ཀྱིས་རི་འགོག་དམག་འཁྲུག་རྒྱག་པར་སྐུལ་ལྕག་བྱས་པས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྨང་གཞི་གལ་ཆེན་བཏིང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་འབུམ་རམས་པའི་དཔྱད་རྩོམ《གྲོགས་པོ་ནས་བློ་མཐུན་བར། ཀྲུང་གོ་གུང་ཁྲན་ཏང་ཐོག་མར་དབུ་བརྙེས་སྐབས(1920ལོ་ནས་1927ལོ་བར)》ཞེས་པ་དེ་ཕྱི་རྒྱལ་དུ་ཀྲུང་གོ་གུང་ཁྲན་ཏང་གི་གསར་བརྗེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རིག་གཞུང་བརྩམས་ཆོས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཧྥང་ཏེ་ཝན་ཡང་ནུབ་ཕྱོགས་ལ་ཀྲུང་གོའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ངོ་སྤྲོད་བྱེད་མཁན་མཁས་དབང་སྔ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཁོང་གི་བརྩམས་ཆོས《ཀྲུང་གོའི་མི་རིགས་རིང་ལུགས་དང་དམག་འཁྲུག(1925ལོ་ནས་1945ལོ་བར)》ནང་ཧྥང་ཏེ་ཝན་གྱིས་ཀྲུང་གོ་དང་རི་པིན་དམག་དཔུང་དབར་གཡུལ་ས་དངོས་སུ་གདོང་གཏུག་བྱས་པ་བཀོད་ཡོད། ཁོང་གིས“ཡོ་རོབ་དང་ཨ་རིའི་མཁས་དབང་མང་པོ་ཞིག་གིས་ཀྲུང་གོའི་རི་འགོག་དམག་འཁྲུག་ནི་གལ་ཆེན་པོ་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ལྟ་བ་འདི་རིཌ་ལ་མོས་མཐུན་མེད”ཅེས་བརྗོད།
ཅན་ཆའོ་ཡི་ཁང་ཧོ་གཙང་འགྲམ་ནས་ཡན་ཡོན་ཝེ་མིང་མཚེའུ་འགྲམ་བར། 2022ལོར་ཧྥང་ཏེ་ཝན་པེ་ཅིང་སློབ་ཆེན་ལོ་རྒྱུས་རིག་པའི་ཚན་ཁག་གི་གདན་ཞུས་འཆད་ཁྲིད་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་ནས། ལོ་རེའི་སྟོན་དུས་སློབ་དུས་སྐབས་པེ་ཅིང་སློབ་ཆེན་དུ་ཉེ་རབས་ལོ་རྒྱུས་སློབ་ཚན་ཏེ་དཔེར་ན“འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཀྱི་ཨེ་ཤེ་ཡ”སོགས་འཁྲིད་ཀྱི་ཡོད་ལ། རི་འགོག་དམག་འཁྲུག་སྐབས་ཀྱི་ཀྲུང་གོའི་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་འཆད་ཁྲིད་ཀྱང་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།