དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་ཡང་བསྐྱར་འཕེལ་བའི་རྣམ་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-27

    ཉིན་ཤས་གོང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གཏམ་བཟང་ཁྱབ་པར། ད་ལོ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། ཁྲལ་བསྡུའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཡང་བསྐྱར་འཕེལ་བའི་རྣམ་པ་མངོན་ཡོད།

    ཁུལ་ཁོངས་སྒྲོལ་བའི་ཚོང་དོན་མཉམ་འདྲེས་འཕེལ་རྒྱས་ཕྱིན་པ། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་བྱེད་པོས་ཞིང་ཆེན་ཕྱི་ནས་ཉོས་པའི་ཚོང་ཟོག་དང་ཞབས་ཞུ་ནས་བྱུང་བའི་འཛིན་ཤོག་གི་དངུལ་འབོར་གྱིས་ཞིང་ཆེན་ཡོངས་ཀྱིས་ཉོ་སྒྲུབ་བྱས་ནས་ཐོབ་པའི་འཛིན་ཤོག་བསྡོམས་འབོར་གྱི་49.9%བཟུང་བ་དང་། མཚོ་སྔོན་དང་ཞིང་ཆེན་གཞན་དག་དབར་གྱི་བྲིན་ཚོང་འགྲོ་འོང་དངུལ་འབོར་དུས་མཚུངས་ལས་5.5%ཡན་འཕར་ཏེ་མཐོ་ཤོས་40.6%ཟིན་ནས་ཞིང་ཆེན་དབར་གྱི་དཔལ་འབྱོར་འགྲོ་འོང་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཕྱིར་འཚོང་ཐོན་རྫས་དང་དེ་བཞིན་ཞབས་ཞུའི་འཛིན་ཤོག་དངུལ་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་བསྡོམས་འབོར་གྱི་46.8%བཟུང་བ་དང་། རང་བྱུང་སོལ་རླངས་དང་། གློག་ཤུགས། མདོག་ལྡན་ལྕགས་རིགས་ཀྱི་བཙོ་སྦྱང་གནོན་འགྱངས་ཐོན་རྫས་སོགས་ལེགས་ཆའི་ཐོན་ཁུངས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ཅུང་མཐོ་བ་དང་འཛིན་ཤོག་སྤྲད་པའི་དངུལ་འབོར་དུས་མཚུངས་ལས་ཆ་སྙོམས་15.4%འཕར་ཡོད།

    ཕྱིར་གཏོང་ཁྲལ་སློག་གི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ། ཁྲལ་དོན་སྡེ་ཚན་གྱིས་ཆ་རྐྱེན་དང་འཚམ་པའི་ནུས་རྒྱུ་གསར་པའི་ཐོན་རྫས་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས། དེ་བཞིན་གཙོ་གནད་རྫས་འགྱུར་བཟོ་ལས་ཐོན་རྫས་ཕྱིར་གཏོང་ཁེ་ལས་བཅས་ལ་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་དུས་མཚུངས་ལས་ལྡབ་1.67འཕར་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕྱི་རྒྱལ་གྱི་སྒུལ་ཤུགས་བསྣན་ཡོད། དེ་དང་ཆབས་ཅིག རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་དོན་འཕར་ནས་ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུ་དང་། ལྕགས་ལམ་སྐྱེལ་འདྲེན། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་བཅས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་15%འཕར་བར་སྣེ་ཁྲིད་ཐུབ་ཡོད།

    ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རྒྱས་པ། རྒྱལ་ཁབ་ཀྱིས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱུང་བར་བརྟེན། ཞིང་ཆེན་ཡོངས་ཀྱིས་དུས་ཚིགས་དང་། དུས་ཆེན་དང་གུང་གསེང་། ལུས་རྩལ་འགྲན་བསྡུར་སོགས་ཀྱི་གཞི་རྟེན་རྒྱ་ཆེར་བཏང་བ་དང་ཆབས་ཅིག བྱེད་ཐབས་སྣ་ཚོགས་ཀྱི་ཁྱབ་གདལ་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྣན་ཡོད། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་36.7%འཕར་ཡོད། རིག་གནས་ཡུལ་སྐོར་ཞབས་ཞུ་དང་ལུས་རྩལ་འགྲན་བསྡུར་སྒྲིག་འཛུགས་སོགས་འབྲེལ་ཡོད་གཉེར་སྐྱོང་བྱེད་པོའི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་འཕར་ཡོད།

    དམངས་འཚོའི་ཁྱབ་ཁོངས་ལས་གསོན་ཤུགས་མངོན་པ། ཞིང་ཆེན་ཡོངས་ཀྱིས་རིགས་ཆེན་པོ་བཅུ་ཡི་དམངས་འཚོའི་དོན་དངོས་ཁག་45ཁྱབ་བསྒྲགས་བྱས་ཚུན། དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་བར་སྣེ་ཁྲིད་ཐུབ་ཡོད་ལ། གཉེར་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་གྲོང་མིའི་ཞབས་ཞུའི་ལས་རིགས་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་གློག་རྡུལ་ཐོན་རྫས། ཉིན་སྤྱོད་ཐོན་རྫས་ཉམས་བཟོའི་ལས་རིགས་བཅས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་ཆ་སྙོམས་11%འཕར་ཡོད། “གཙོ་གཉིས་གསར་གཉིས”སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག ཞིང་ཆེན་ཡོངས་སུ་ལས་གྲྭ་དང་ཨར་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ་དང་སྡོད་ཁང་མཛེས་བཟོའི་ལས་རིགས་ཀྱི་འཛིན་ཤོག་སྤྲད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་70.4%འཕར་ཡོད། དེ་དང་ཆབས་ཅིག སློབ་གསོའི་རོགས་སྐྱོར་དང་དམིགས་བསལ་སློབ་གསོའི་ལས་རིགས་མགྱོགས་མྱུར་འཕར་བ་དང་ས་ཁང་བདག་ཁོངས་བོགས་གཏོང་ལས་རིགས་ཀྱི་ཉོ་ཚོང་འཁྲུག་ཏུ་ཕྱིན་ཁར། ཞབས་ཞུ་མཁོ་སྤྲོད་དེ་བས་འདང་ངེས་ཐུབ་སྟེ་དམངས་འཚོའི་ཁྱབ་ཁོངས་སུ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།