ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཐུན་མོང་ཕྱུག་འགྱུར་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་བརྗོད་པའི་ཐུན་མོང་ཕྱུག་འགྱུར་ནི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕུན་སུམ་ཚོགས་པོ་ཡོང་བ་ཞིག་ཡིན་པ་ལས། མི་ཉུང་ཤས་ཤིག་ཕྱུག་འགྱུར་བྱུང་བ་དེ་མ་ཡིན་ལ། གཅིག་ལྟར་གྲ་འགྲིག་པའི་ཆ་སྙོམས་རིང་ལུགས་ཀྱང་མ་ཡིན”ཞེས་བསྟན་གནང་བ་དང་། རྣམ་བཤད་གལ་ཆེན་འདིས་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྒྱུར་བཅོས་སྒོ་དབྱེ་ཐོག་མར་བྱེད་པའི་སྐབས་ཀྱི“མི་ཁག་གཅིག་དང་ས་ཁུལ་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་པར་བྱེད་པ”ནས་དུས་རབས་གསར་པར་ཐུན་མོང་ཕྱུག་འགྱུར་དེ་སྔར་བས་གལ་ཆེའི་གནས་བབ་ཐོག་བཞག་པའི་བར་ང་ཚོ་རྒྱལ་བབ་དང་མཐུན་པའི་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད།
ཞི་བས་བཅིངས་འགྲོལ་བཏང་ཚུན་དུ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོས་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་ནག་མེད་པར་བཟོས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མངོན་གསལ་དོད་པོས་རིང་དུ་ཕྱིན་པ། སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པ། འགན་སྲུང་སྣ་ཚོགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་སོགས་བྱུང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་བསྐངས་ཡོད།
མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་ཐོག་མར་དངོས་པོའི་འཚོ་བ་ཕུན་སུམ་ཚོགས་པོ་ཡོད་པའི་རྨང་གཞི་བརྟན་པོ་དེ་འཛུགས་དགོས། ཉེ་བའི་ལོ་ཤས་རིང་བོད་ཀྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམིགས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དྲང་གཞག་ངང་ཕན་པ་དེ་བས་མང་བ་ཐོབ་པར་བྱས་ཡོད། ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་བྱུང་སྟེ། ནས་དང་ནོར་གནག་སོགས“ཡུལ་དེའི་གཅེས་ནོར”དག་ཕྱུག་འགྱུར་གྱི“འབབ་ཁུངས”སུ་གྱུར་བ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་སྡོད་ལས་གྲྭ་ལས་ཞིང་འབྲོག་པ་རྣམས་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་དང་། གཞུང་ལམ་དང་དྲ་རྒྱ་གྲོང་ཚོ་ཚང་མར་སྦྲེལ་མཐུད་ཐུབ་པའི་བར་དང་། དེ་ནས་ལས་ཞུགས་སྔོན་དུ་འཇོག་པའི་སྲིད་ཇུས་ལག་ལེན་བསྟར་བའི་བར་རྩལ་ནུས་གསོ་སྦྱོང་བྱས་པ་ལས་མང་ཚོགས་དེ་བས་མང་བ་ཞིག་གིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཡོད། བྱེད་ཐབས་དེ་དག་ལས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་ནས་ཁྱིམ་ཚང་དེ་བས་མང་བས་ཡོང་འབབ་མང་དུ་ཕྱིན་པའི་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད།
ཐུན་མོང་ཕྱུག་འགྱུར་གྱིས་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པར་བྱས་ཤིང་། བོད་ཀྱིས་ཐོག་མཐའ་བར་གསུམ་དུ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་དངོས་པོ་དང་བསམ་པ་གཉིས་ཀ་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོབ་ཐུབ་པ་དང་། རིག་གནས་དམངས་ཕན་འདུ་འགོད་ཀྱིས་ཞིང་འབྲོག་པར་སྒོ་འགྲམ་ནས་འཁྲབ་སྟོན་ལ་ལྟ་བ་དང་དཔེ་དེབ་ཡག་པོ་ཀློག་ཐུབ་པ་བྱུང་བ། མང་ཚོགས་ཀྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྣ་ཚོགས་གཏིང་ཟབ་སྤེལ་ནས་དྲིན་ཚོར་འབད་འབུངས་དང་མཐུན་སྒྲིལ་རོགས་རེས་ཀྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་པ། སྤྱི་པའི་རིག་གནས་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་པ་དང་གཞུང་གྲོན་སློབ་གསོའི་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ལྟའི་བོད་ལྗོངས་ལ་གངས་རི་དང་རྩྭ་ཐང་གི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་དེ་བས་འཕྱུར་བ་དེ་ནི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།
ཐུན་མོང་ཕྱུག་འགྱུར་ནི་གཅིག་ལྟར་གྲ་འགྲིག་པའི“ཆ་སྙོམས་རིང་ལུགས”མ་ཡིན་པར་འཕེལ་རྒྱས་ཁྲོད་དབུལ་ཕྱུག་གི་ཧེ་བག་ཆུང་དུ་གཏོང་བའི་འགུལ་རྣམ་གྱི་བརྒྱུད་རིམ་ཞིག་རེད། བོད་ཀྱི་ལག་ལེན་ལས་ང་ཚོར་གསལ་བཤད་བྱས་དོན། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་ལས་བརྩོན་གསར་གཏོད་ལ་བརྟེན་ནས་ཕྱུག་པོ་ཆགས་པར་སྐུལ་མ་བཏང་སྟེ་འབད་འཐབ་མཁན་ལ་དྲིན་ལན་ཐོབ་པར་བྱེད་དགོས་ལ། རིམ་བཞིན་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་ལ་གཞིགས་ནས་གོ་རིམ་དབྱེ་སྟེ་སྐུལ་འདེད་ཀྱང་གཏོང་དགོས། ང་ཚོས་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ལ་དམ་འཛིན་ནན་པོ་བྱས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་ལས་དོན་བསྒྲུབས་ཚེ་ཐུན་མོང་ཕྱུག་འགྱུར་གྱི་ཉི་འོད་གངས་ལྗོངས་ས་མཐོའི་གང་སར་འཕྲོ་ཐུབ་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་ཁྲོད་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།