སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཐཱན་ཚད་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། “འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་བོད་ཀྱི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཀླུང་ཀུན་ལ་སྲུང་སྐྱོང་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཏེ། བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ནུས་སྣོན་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཡང་འཛོམས་སྒྲོལ་དཀར་གྱིས་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཞིང་། ཁོང་གིས“ང་ཚོས་ཆུ་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས‘ལོ་ལྔ་ཚན་བཅུ་བཞི་པའི’དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་དང་། ‘ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་པ’བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ལ་བརྩི་སྲུང་ཞུས་ཏེ། ཆུ་བེད་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་རྒྱུན་མཐུད་བཏང་ནས། ལྗོངས་ཡོངས་ཀྱི་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ཏན་ཏིག་བསལ་ཏེ། ‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པར་ཆུ་བེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།
ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའི་ཧྲུའུ་ཅི་བཀྲ་ཤིས་སྤེན་པས། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་གནད་སྨིན་རྒྱག་རྒྱུར་དམིགས་ཏེ་ཕྱོགས་གཅིག་ནས་འཛུགས་སྐྲུན་རྣམ་གྲངས་ཀྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་ཐེབས་པའི་མངོན་མེད་ཤུགས་རྐྱེན་ལ་ཚོད་སྐོར་དང་སྦགས་བཙོག་ཆེ་བའི་རྣམ་གྲངས་སྤྱོད་རྒྱུ་གཏན་འགོག་གིས་འབྱུང་རྩ་ནས་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་མང་དུ་འགྲོ་རྒྱུ་འགོག་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་དབྱེ་མཚམས་བཅད་པ་དང་ཁྲིམས་འགལ་གྱི་སྐྲུན་དངོས་དང་བཙོག་འབུད་ལ་རྡུང་རྡེག་ནན་པོ་བཏང་སྟེ། ཆུ་སྤུས་ལ་དུས་བཀག་ལྟར་ལྟ་ཞིབ་ཚད་ལེན་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གྱིས་འཐུང་ཆུའི་བདེ་འཇགས་ཀྱི་འགོག་སྲུང་དང་པོ་བརྟན་པོ་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་ནན་པོ་བྱས་ཏེ། ‘ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བརྟན་པོ’བཅས་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱུན་གཏན་གྱི་ལས་ཀ་དང་མཉམ་འདྲེས་དང་། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གནམ་སྔོན་ཆུ་དྭངས་ས་གཙང་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ། ནག་ཆུའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་མཐའ་གཅིག་ཏུ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་པོ་བསྐྲུན་རྒྱུ་ཡིན”ཞེས་བཀྲ་ཤིས་སྤེན་པས་བཤད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་གཞི་རིམ་གྱི་ལས་བྱེད་པར་ལས་ཀའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན། མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀ་གཙོ་བོར་བརྩིས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ཡག་པོ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཧྲེང་དབྱིས་བཤད།
ཉེ་བའི་ལོའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་དེ་ཐོན་ཁུངས་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། བཀྲག་མདངས་འཚེར་ཤོས་བཅས་སུ་བརྩིས་ཏེ། ལྗོངས་ཡོངས་སུ“ལྗང་མདོག་ཕྱོགས་སྒྱུར་ཁྲིད་སྟོན་ཁུལ་འཛུགས་པའི”དམིགས་ཚད་ལས་འགན་སྔོན་ལ་བཏོན་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། ཉམས་ཞན་གྱི་སྐྱེ་ཁམས་ཁུལ་ཁོངས་ཉམས་གསོ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་རྒྱུན་མཐུད་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་ཡུལ་མི་ཚེ་རིང་དབང་གྲགས་ནི་ཡར་ཉང་འདམ་རའི་བདག་སྐྱོང་བ་45ཡི་གྲས་ཤིག་ཡིན་ཞིང་། ཉིན་ལྟར་སྐོར་ཞིབ་ཀྱི་ལས་གནས་བརྟན་སྲུང་བྱས་ཏེ་འདམ་རའི་ལྗོན་ཤིང་དང་། ཆུ་འགོ མུ་ལ་མུ་འབྲེལ་གྱི་རི་བོ་བཅས་སྲུང་བཞིན་ཡོད། ཁོང་གིས“གཞི་རིམ་གྱི་བདག་སྐྱོང་བ་ཞིག་གི་ངོས་ནས་ང་ཚོས་འགན་འཁྲི་ཏན་ཏིག་ཁུར་ཏེ། ཉེ་འགྲམ་གྱི་རི་ཆུ་དང་། རྩྭ་ཐང་འདམ་ར། ནགས་རྩྭ་ལྗོན་ཤིང་བཅས་ཡག་པོ་བསྲུངས་ནས། ཉིང་ཁྲིའི་གནམ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་བྱ་རྒྱུ་ཡིན”ཞེས་བཤད།
འགོ་འཛུགས་ས་གསར་པར་སླར་ཡང་འབད་འཐབ་བྱེད། བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།