དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག་བསྟན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-08-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་འཚོག་ཉེར་ཡོད་པའི་མཚམས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི་ཆེད་དོན་པར་གཞི《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག་སྟོན་འགོ་ཚུགས་པའི་བྱེད་སྒོ་ཟླ་8ཚེས་25ཉིན་པེ་ཅིང་དུ་འཚོགས་པ་རེད། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཚིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལེ་ཚན་བསྟན་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། དེ་ཉིན་ནས་བཟུང་། ལེ་ཚན་དེ་ཨུ་རུ་སུ་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཕ་ཁི་སི་ཐན། དབྱི་རན། བྷེ་ཨུ་རུ་སུ་སོགས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱིས་སྤེལ་གཏོང་བྱ་རྒྱུ་རེད།

    《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐུགས་སེམས་སུ་འཆང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཞིབ་ཅིང་ཕྲ་བའི་ངང་བདམས་ནས་རྒྱལ་སྤྱིའི་དམངས་ཚོགས་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྙིང་བཅུད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་དགོངས་གཞིའི་རིག་གནས་རྨང་གཞི་ཟབ་མོར་འགྲེལ་བཤད་བརྒྱབ་པ་དང་། “རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་རིག་གནས་སྟོབས་ཆེན་བྱུང་ན་མི་རིགས་སྟོབས་ཆེར་འགྲོ་བའི”རིན་ཐང་གི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་འགྲེལ་བརྒྱབ་ཡོད། ལེ་ཚན་ནང་ཞི་ཅིན་ཕིང་གིས་ཕྱག་ལས་གནང་མྱོང་བའམ་ཡང་ན་བརྟག་ཞིབ་གནང་མྱོང་བའི་ས་ཆར་དངོས་སུ་བསྐྱོད་དེ་ཁོང་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་མིར་བཅར་འདྲི་གཏིང་ཟབ་བྱས་ནས་གསོན་ཉམས་ལྡན་པའི་དཔེ་མཚོན་བླངས་ཏེ་དུས་རབས་གསར་པའི་ཀྲུང་གོའི་རིག་གནས་འབྱུང་ཁུངས་དང་རིག་གནས་ཀྱི་ཤུལ་བཞག་སྲུང་སྐྱོང་སོགས་ཐད་ལག་ལེན་དངོས་ཀྱི་ཐོག་ནས་འབད་བརྩོན་གནང་ལུགས་ཕྱོགས་ཡོངས་ནས་མཚོན་པར་བྱས་པ་དེ་ཐོག་ནས་ཀྲུང་ཧྭའི་རིག་གནས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྨང་གཞི་དང་། གཏིང་ཟབ་པའི་ནང་དོན་གྱི་ཁྱད་ཆོས། ཕྱོགས་བསྡུས་མཉམ་འདུས་ཀྱི་སྒོ་དབྱེའི་བློ་རྒྱ་བཅས་མངོན་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤུས་ལེགས་ལེ་ཚན་རབ་དང་རིམ་པ་དུས་གཅིག་ཏུ་སྟོན་འགོ་ཚུགས་པ་རེད། 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ》དང་། 《ཀྲུང་གོར་འབད་འཐབ་བྱེད》 《ལྗང་མདོག་གི་སྦྲེལ་ཐག་སྟེ། ཀྲུང་གོའི་ཉམས་མྱོང་གིས་ཨེ་ཤེ་ཡ་དབུས་མར་གསོན་ཤུགས་གསར་པ་སྦྱིན》 《རིག་གཏོད་འབྱུང་འགྱུར། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཚོལ་ཞིབ》 《ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་མཛད་སྒོ་གཟབ་རྒྱས》 《ཁམས་བཟང་། འཕྲུལ་མི》 《མཁའ་ཐོག་ནས་པར་བརྒྱབ་པའི་ཀྲུང་གོའི་བོད་ཀྱི་ལེའུ》 《ཡུལ་སྲོལ་གོམས་གཤིས། ཤིན་ཅང་གི་ལེའུ》སོགས་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་སྤུས་ལེགས་ལེ་ཚན་20ལྷག་ཙམ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་30ལྷག་ཙམ་གྱིས་གཅིག་མཇུག་གཉིས་མཐུད་ངང་བསྟན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ལྟད་མོ་བས་རི་ཆུ་འབྲེལ་བ་དང་འཆམ་མཐུན་མཉམ་གནས་ཀྱི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བརྩེ་བ”ཐུན་མོང་ཐོག་ཉམས་ལེན་བྱེད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།