ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས།
“ཞོགས་པའི་ཉི་མ”ནས“ཉི་མ་ལ་ཁའི”བར་གྱི་བདེ་སྐྱིད་འཚོ་བ།
ཕྲུ་གུ་ཚོ་དཀར་ཆ་དོད་པའི་སློབ་ཁང་ནང་དུ་སློབ་སྦྱོང་བྱེད་འགོ་ཚུགས་པ་ནས། གཞོན་ནུ་ཚོས་འབད་འཐབ་བྱེད་པའི་ཁྲོད་དུ་ལང་ཚོའི་མཛེས་སྡུག་མངོན་པར་བྱས་པའི་བར། ཡང་དེ་ནས་རྒན་རྒོན་ཚོས་དྲོ་འཇམ་ཉི་འོད་འོག་ཏུ་ཚེ་མཇུག་བདེ་ལ་རོལ་བ་བཅས་ཀྱི་ཚེ་སྲོག་གི་དུས་མཚམས་རེ་རེ་ལས་བོད་ཀྱི་དམངས་འཚོ་ལེགས་གཏོང་གི“བཀོད་རིས་ཆེན་པོ”ཞིག་གྲུབ།
ཉེ་ཆར་གསར་འགོད་པས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁོངས་ནག་ཆུ་གྲོང་རྡལ་གྱི་གང་སར་བསྐྱོད་དེ། གསེར་རྙེད་བ་དཀྱུས་མའི་འཚོ་བ་སྐྱེལ་སྟངས་སྣ་ཚོགས་རྟོག་ཞིབ་བྱས་ནས། ས་གནས་དེ་གའི“ཞོགས་པའི་ཉི་མ”ནས“ཉི་མ་ལ་ཁའི”བར་གྱི་བདེ་སྐྱིད་འཚོ་བ་མྱོང་ཚོར་བྱས་པ་ཡིན།
སྔོན་ཆད་གསེར་རྙེད་ཆུས་ཀྱི་ཕྲུ་གུ་མང་ཆེ་བ་འབྲོག་རར་འཚར་ལོངས་བྱུང་བ་ཤ་སྟག་ཡིན་མོད། འོན་ཀྱང་ད་ཆ་ཚད་ལྡན་ཅན་གྱི་སློབ་ཁང་དང་། ཆེད་ལས་ཀྱི་བྱིས་གསོ་དགེ་རྒན་གྱི་སློབ་ཁྲིད། སྣ་ཁ་འཛོམས་ཤིང་འཚོ་བཅུད་ཆེ་བའི་ལྟོ་དུས་གསུམ་བཅས་བྱིས་པ་ཚོའི་རྒྱུན་གཏན་འཚོ་བར་གྱུར་ཡོད།
འདས་ཟིན་པའི་ལོ་5ཡི་ནང་གསེར་རྙེད་ཆུས་ཀྱིས་སྒོར་དུང་ཕྱུར་1.2བཏང་ནས་སློབ་ཞུགས་གོང་གི་སློབ་གསོའི་ཆ་རྐྱེན་ལེགས་སུ་བཏང་བ་དང་། བྱིས་གསོ་ཁང་18གསར་སྐྲུན་དང་རྒྱ་བསྐྱེད་བཏང་བ། ཤང་གྲོང་ལྟེ་བའི་བྱིས་གསོ་ཁང་ཡོངས་སུ་ཁྱབ་པར་བྱས་པ། བྱིས་པ་གསོ་སྐྱོང་མི་སྣས་ལག་ཁྱེར་བཏགས་ནས་ལས་གནས་སུ་སྐྱོད་ཚད་100%ཟིན་ཡོད།
བྱིས་གསོ་ཁང་ནས་སློབ་གྲྭ་འབྲིང་ཆུང་བར་དུ་ཕྲུ་གུ་ཚོས་སྔར་ལས་འཐུས་སྒོ་ཚང་བའི་སློབ་གསོའི་འགན་སྲུང་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། ལྷོ་རྒྱུད་ཁུལ་གསར་དུ་ཡོད་པའི་གསེར་རྙེད་ཆུས་སློབ་འབྲིང་གསུམ་པ་སྒྱུར་བཀོད་བྱས་པ་དང་རྒྱ་བསྐྱེད་བཏང་བ་བརྒྱུད། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། དམའ་རིམ་སློབ་འབྲིང་དང་པོའི་སློབ་མ་གཞོན་ནུ་བློ་གྲོས་སློབ་གྲྭར་སླེབས་མ་ཐག་སློབ་གྲྭའི་གཏམ་བརྗོད་ཟློས་གར་ཚོགས་པའི་ནང་ཞུགས་ཏེ། རྒྱུན་དུ་སློབ་གྲོགས་ཚོ་དང་མཉམ་དུ་འབྲོག་ཁུལ་གྱི་འཚོ་བའི་འགྱུར་ལྡོག་མཚོན་པའི་ཟློས་གར་ཐུང་གྲས་ནང་སྦྱོང་དང་འཁྲབ་སྟོན་བྱེད་ཀྱི་ཡོད། ཁོང་གིས“ང་ཚོར་སྐྱིད་སྣང་དོད་པའི་ཁོར་ཡུག་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱ་རྒྱུ་བྱུང་བ་མ་ཟད། ད་དུང་ཕུན་སུམ་ཚོགས་པའི་སློབ་ཕྱིའི་བྱེད་སྒོར་ཡང་ཞུགས་རྒྱུ་བྱུང་། དེ་དག་ལས་ང་ཚོའི་མིག་རྒྱང་རིང་དུ་ཕྱིན་པ་མ་ཟད། གཏམ་བརྗོད་དང་རོགས་ལས་སོགས་ཐད་ཀྱི་ནུས་པའང་ཆེ་རུ་ཕྱིན་སོང”ཞེས་བཤད།
གསར་འགོད་པར་གསེར་རྙེད་ཆུས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། གསེར་རྙེད་ཆུས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99%ཟིན་པ་དང་། ཞིང་འབྲོག་པའི་བུ་ཕྲུག་ཚོར“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ད་དུང་ཆེད་དོན་སློབ་གསོའི་རོགས་དངུལ་དེ་སློབ་ཆུང་ནས་སློབ་ཆེན་བར་གྱི་དུས་མཚམས་ཡོངས་ལ་ཁྱབ་ཡོད།
གསེར་རྙེད་ཆུས་ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་གཞོན་ནུ་ཚོ་སློབ་གྲྭ་ཐོན་རྗེས་རྩལ་ནུས་གསོ་སྦྱོང་དང་ལས་བསྡུའི་འདུ་ཚོགས་སོགས་བརྒྱུད་རང་གི་བློ་ལ་བབས་པའི་ལས་ཀ་རག་ཅིང་། དེ་སྔོན་འབྲོག་ཁུལ་གྱི་གཞོན་ནུས་ལས་ཞུགས་བྱེད་མང་ཤོས་ནི་སྲོལ་རྒྱུན་ལས་རིགས་ཡིན་མོད། འོན་ཀྱང་ད་ཆ་དྲ་ཐོག་ཚོང་དོན་དང་། རིག་གནས་ཡུལ་སྐོར། དེང་རབས་ཞིང་འབྲོག་ལས་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཁོང་ཚོར་གདམ་ག་དེ་བས་མང་དུ་སོང་ཡོད།
ལྷག་རྒོད་ནི་གསེར་རྙེད་ཆུས་ན་དམར་ཆེ་ཤང་ནས་ཡིན་ཞིང་། བོད་ལྗོངས་སློབ་ཆེན་ནས་ཐོན་རྗེས་ཁོང་གིས་ཕ་ཡུལ་ལ་དགའ་ཞེན་དང་རིག་རྩལ་ལ་དད་ཞེན་ཆེན་པོ་བཅངས་ཏེ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ལམ་དུ་བསྐྱོད་ཅིང་། མིག་སྔར་རིག་རྩལ་སློབ་གསོ་དང་རིག་གནས་ཁྱབ་སྤེལ་ཁྱབ་ཁོངས་སུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ཁོ་པས“ལོ་དེ་དག་ནང་ངས་རང་ཡུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། ཕ་ཡུལ་ལ་ལོ་རྒྱུས་རིག་གནས་ཀྱི་རྩ་བ་ཟབ་མོ་ལྡན་པ་ཤེས་རྟོགས་སྔར་བས་གསལ་པོ་བྱུང་། རང་ཉིད་ཀྱིས་འབད་བརྩོན་ཧུར་ཐག་བྱས་ཚེ་ཡུལ་གྲུ་གང་དུ་སླེབས་རུང་ཚང་མ་ཕུགས་འདུན་སྒྲུབ་སའི་གར་སྟེགས་ཤིག་ཡིན”ཞེས་བཤད།
ཉེ་བའི་ལོ་ཤས་རིང་། གསེར་རྙེད་ཆུས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས། རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁྲི་1.2བཏོད་པ་མ་ཟད། གསོ་སྦྱོང་དང་། ལས་ཞུགས། རྗེས་འདེད་བཅས་ཟུང་དུ་འབྲེལ་བའི“འཁོར་འབྲེལ་ཧྲིལ་པོའི”ཞབས་ཞུའི་ལམ་སྲོལ་ཞིག་ཀྱང་བཏོད་ཡོད།
གསེར་རྙེད་ཆུས་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ལོ་78ལ་སླེབས་པའི་བགྲེས་སོང་སྐལ་བཟང་གིས་གྲོགས་པོ་ཚོ་དང་མཉམ་དུ་སྦག་ཆེན་རྒྱག་བཞིན་ཡོད་ཅིང་། སྨན་གཡོག་ཚོས་དུས་བཀག་ལྟར་རྒན་རྒོན་ཚོར་ཁྲག་ཤེད་ལྟ་བ་དང་བདེ་ཐང་བརྟག་དཔྱད་བྱེད་ཀྱི་ཡོད། སྔོན་ཆད་འབྲོག་ཁུལ་གྱི་རྒན་རྒོན་ལོ་ན་རྒས་རྗེས་མང་ཆེ་བ་བུ་ཕྲུག་གིས་ལྟ་སྐྱོང་བྱེད་མོད། འོན་ཀྱང་ད་ཆ་ལྟ་སྐྱོང་ལྟེ་གནས་ཀྱིས་རིན་མེད་ངང་བཟའ་བཏུང་དང་། སྨན་བཅོས་ལྟ་སྐྱོང་། རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་ལ་ཉིན་ལྟར་འཆར་ཅན་གྱི་སྒོར་གཞས་རྒྱག་རྒྱུ་དེ་རྒན་རྒོན་ཚོས་རེ་སྒུག་ཆེ་ཤོས་བྱེད་པའི་སྤྲོ་སྣང་ལྡན་པའི་དུས་ཚོད་ཤིག་རེད།
བགྲེས་སོང་སྐལ་བཟང་གིས“ང་ནི་སྤྱི་ཚོགས་རྙིང་པ་འགྲིམས་མྱོང་བའི་མི་ཞིག་ཡིན། སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བས་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་དང་སྤྱི་ཚོགས་གསར་པའི་བདེ་སྐྱིད་རང་ཉིད་ངོ་མས་མྱོར་ཚོར་བྱུང་། ཏང་གི་དྲིན་ལས་ང་ཚོར་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
གསེར་རྙེད་ཆུས་ཁོངས་ཀྱི་ནག་ཆུ་གྲོང་རྡལ་དུ་སྐྱོད་སྐབས། མི་ཚེའི་དུས་བཞི་མཚོན་པའི་བདེ་སྐྱིད་རི་མོ་ཞིག་རིམ་བཞིན་མངོན་པ་སྟེ། སློབ་གྲྭའི“སོ་ཕག་རེ་རེ”ནས། ལས་གནས་ཀྱི“ལག་རྩལ་སྣ་གཅིག”དང་། ཡང་དེ་ནས་ཚེ་མཇུག་གི“བདེ་སྐྱིད་འཚོ་བ”བཅས་ལས་ང་ཚོར་བདེ་སྐྱིད་ནི་མཐོང་རྒྱུ་མེད་པ་ལྟ་བུའི་ཐ་སྙད་ཅིག་མིན་པར་མི་ཚེའི་དུས་མཚམས་རེ་རེར་དངོས་དངོས་རྗེན་རྗེན་དུ་ཚོར་ཐུབ་པའི་མྱོར་ཚོར་ཟབ་མོ་བྱུང་།
འབྲེལ་ཡོད་གསར་འགྱུར།