དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུའུ་ཅི་ཁྲའེ་དང་ཀྲང་ཡན།   |     སྤེལ་དུས།  2025-08-26

    ཟླ་8ཚེས་21ཉིན་གྱི་སྔ་དྲོར། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ལྷག་ཙམ་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་འཛོམས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། འདི་ནི་གཟབ་འཁོར་སྟེང་གི་འཁྲབ་སྟོན་པས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བརྒྱུད་སྐབས་མི་ཚོགས་ལ་ལག་པ་གཡུག་གཡུག་བྱེད་བཞིན་པ།

    གནམ་གྲུ་མཚོ་བོད་ས་མཐོ་བརྒལ་ནས་བོད་ལྗོངས་ལྷ་སའི་ཕྱོགས་སུ་འཕུར།

    “ལག་ཏུ་དཀར་གཙང་མཇལ་དར་བསྣམས། དེ་ནི་མཁའ་དབྱིངས་ཀྱི་སྤྲིན་དཀར་ཞིག་རེད” “འདི་ནི་ང་ཚོའི་བསྟོད་གླུ་དང་དུས་རབས་གསར་པའི་སྨོན་འདུན་རེད”ས་བབ་སྨི་3500ལྷག་ཙམ་ཡོད་པའི་གོང་དཀར་གནམ་ཐང་དུ་དགའ་སྤྲོའི་རྦ་རླབས་ལང་ལོང་དུ་འཕྱུར།

    ཟླ་8ཚེས་20ཉིན་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དུས་ཆེན་གཟབ་རྒྱས་ལ་རྟེན་འབྲེལ་ཞུས་པ་རེད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོཌ་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་ཞུཌ་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།

    ལོ་བཞིའི་གོང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་དེ་ཡང་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།

    “ཐེངས་དང་པོ”གཉིས་ལས་བོད་ལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་ཡོད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་བའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་གཞི་ཁག་གཅིག་བཏོན་གནང་བ་སྟེ།

    བོད་ཀྱི་2024ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་ནི་1965ལོའི་ལྡབ་155ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་1965ལོའི་ལྡབ་121ཡིན་པ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་1965ལོའི་ལྡབ་199ཡིན་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་གཏོང་སྐབས་ཀྱི་ལོ་35.5ནས་ལོ་72.5བར་རིང་དུ་ཕྱིན་ཡོད། “གྲངས་ཀ་འདི་དག་གི་ཐོག་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ཞེས་པ་ནི་ཅི་ཞིག་ཡིན་པ་ཤེས་ཐུབ”

    ཚེས་21ཉིན་གྱི་སྔ་དྲོར། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ་བོད་ལུགས་ཀྱི་ཉམས་འགྱུར་ལྡན་པའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྡིངས་ཆ་བསྐྲུན་པ་དང་། དགུང་ལོ་73ལ་ཕེབས་པའི་བོད་རིགས་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་ཀྲུའུ་ཞིའི་སྡིངས་ཆའི་ཐོག་གཏམ་བཤད་གནང་བ་རེད།

    དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་སྔོན་ལ་རླུང་འཕྲིན་ས་ཚིགས་ཀྱི་རྒྱང་སྒྲོག་པ་ཡིན་པའི་སྒྲོལ་མ་རིག་འཛིན་གྱིས“གུང་ཁྲན་ཏང་སླེབས་རྗེས་སྡུག་བསྔལ་བདེ་ལ་འཁོད”ཅེས་པའི་གཏམ་རྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་བྱས། དེ་རིང་ཡང་ཁོང་གིས་སྐད་དུང་གི་མདུན་དུ་ལངས་ནས་སེམས་གཏིང་གི་སྐད་ཆ་བཤད།

    “བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་སྐྱེས་པའི་ལོ་ཡིན་པ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་སློབ་གྲྭར་འགྲོ་བའི་ལོ་ཡིན་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་ལས་ཀར་ཞུགས་པའི་ལོ་ཡིན་པས། མི་ཚེ་གང་པོར་འཕྲད་པའི‘ལོ་གཉིས་པ’མང་པོ་འདི་དག་ནི་གུང་ཁྲན་ཏང་གིས་ང་ལ་གནང་བའི‘ཚེ་སྲོག་གཉིས་པ’ཡིན”

    རྟེན་འབྲེལ་མཛད་སྒོར་ཞུགས་མཁན་མི་ཚོགས་ཀྱི་ཁྲོད་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་ལེའོ་ཏན་གྱིས་ཏང་ཡོན་གྱི་རྟགས་མ་བཏགས་ཤིང་རྟགས་མའི་སྟེང་གི“དམངས་ལ་ཞབས་འདེགས་ཞུ”ཞེས་པའི་ཡིག་འབྲུ་སེར་པོ་ལྔ་ནས་འོད་མདངས་འཚེར་བ་མ་ཟད། བྲང་ཁོག་གི་མདུན་དུ་ད་དུང་ཝུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་སྦྱར་རིས་སྦྱར་ཡོད།

    ཁོང་གིས་དུས་ཡུན་རིང་པོའི་ནང་རང་ཉིད་ཀྱི་འདུན་པ་དང་ལས་རིགས་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་དམིགས་ཡུལ་དང་ལོ་ངོ་སྟོང་ཕྲག་རིང་གི་མི་རིཌ་མཐུན་སྒྲིལ་གྱི་ལོ་རྒྱུས་ནང་མཉམ་འདྲེས་བྱས་པས། ཕྲག་ཐོག་གི་ལས་འགན་དེ་བས་གཟི་བརྗིད་ཆེ་རུ་ཕྱིན་ཡོད།

    སྔོན་ཆད་ཐང་བོད་གཉེན་འབྲེལ་རུ་ཁག་གིས་ཁྲང་ཨན་ནས་ར་ས་བར་ལོ་གཉིས་དང་ཟླ་བ་གསུམ་ཏག་ཏག་བསྐྱོད་ཡོད། ད་ཆ་གཞུང་ལམ་སྤྱི་ལེ་ཁྲི་12ལྷག་ཙམ་གྱི་སྤྱིའི་ལམ་ཚད་དང་། ལྕགས་ལམ་འཁོར་སྐྱོད་ལམ་ཚད་སྤྱི་ལེ་1359 རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་183བཅས་ལས་བོད་དང་ཕྱི་རོལ་དབར་འབྲེལ་མཐུད་དམ་ཟབ་བྱུང་ཡོད།

    སྙན་སེང་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཀྱི་འཕོ་འགྱུར་གླེང་ནས“ད་ཆའི་བོད་ལྗོངས་ནི་ཐག་རིང་དང་རྗེས་ལུས་ཀྱི་ས་ཁུལ་ཞིག་མིན་པར། གཞུང་ལམ་དང་ལྕགས་ལམ་དཔུང་པ་མཉམ་གཤིབ་དང་། མི་སྣ་འགྲོ་འོང་སྟབས་བདེ་བ། གློག་ཤུགས་རྒྱལ་ཡོངས་ལ་གཏོང་ཐུབ་པ་བཅས”ཤིག་རེད་ཅེས་གསུངས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས“བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་བོད་རིགས་དང་མི་རིགས་གཞན་དག་དབར་སྤེལ་རེས་བྱེད་བཞིན་ཡོད”ཅེས་ཟབ་མོར་གསུངས་ཡོད།

    ལྷ་ས་གོང་དཀར་གནམ་ཐང་ནས་གྲོང་ཁུལ་གྱི་ལམ་བར་དུ་རི་ཆུ་མཛེས་སྡུག་ལྡན་ལ་ས་དབྱིབས་ཁྱད་དུ་འཕགས།

    རླངས་འཁོར་རུ་ཁག་ལྷ་ས་གྲོང་ཁུལ་དུ་འབྱོར་ནས་བཅིངས་འགྲོལ་དཀྱིལ་ལམ་བརྒྱུད་སྐབས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་པ་མཐོང་ཐུབ།

    གཞུང་ལམ་ཀྱི་ངོགས་གཉིས་སུ་མང་ཚོགས་མང་པོས་དར་དམར་གཡུག་གཡུག་དང་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ཏེ། སྐད་གསང་མཐོན་པོས“བཀྲ་ཤིས་བདེ་ལེགས”ཞེས་འབོད་ཀྱིན“སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བའི”ལྷག་བསམ་ཟོལ་མེད་ཀྱི་བསམ་པ་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས། འཛུམ་དམུལ་དམུལ་ངང་མི་ཚོགས་ལ་ཕྱག་གཡུག་གཡུག་གིས་གུས་ལན་གནང་།

    རྡོ་རིང་གིས་གསར་བརྗེའི་སྙིང་སྟོབས་མངོན། ལམ་བུས་འཕོ་འགྱུར་གྱི་བདེན་དཔང་བྱས།

    དེ་སྔ“ལམ་གཉིས”སྐྲུན་སྐབས་ལམ་འབྱེད་དཔའ་བོ་རྣམས་ཀྱིས་ལམ་བཟོའི་དཀའ་ཁུལ་དུ་མི་སེམས་འགུལ་བའི་སྙན་ངག་བརྩམས་ཡོད།

    1998ལོའི་ཟླ་6པར་བློ་མཐུན་ཞི་ཅིན་ཕིང་བོད་དུ་ཐོག་མར་ཕེབས་ནས་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་བསུ་སྐྱེལ་གནང་། ལྷ་ས་གོང་དཀར་གནམ་ཐང་ནས་རླངས་འཁོར་ལ་བཞུགས་ནས་སྤྱི་ལེ་530ལྷག་ཙམ་གྱིས་ཆོད་པའི་ཉིང་ཁྲི་བརྒྱད་གཅིག་གྲོང་རྡལ་ལ་ཉིན་གང་ཕེབས་ཡོད། “འདི་ནི་ལོ་རྒྱུས་ཤིག་རེད། ལོ་རྒྱུས་དུམ་བུ་དེ་མིས་ཟིན་ཐོར་འགོད་དགོས”ཞེས་ཁོང་གིས་ལས་རིགས་གཅིག་པའི་བློ་མཐུན་རྣམས་ལ་བོད་སྐྱོར་གྱི་ལོ་ཟླ་ཐོ་འགོད་བྱེད་དགོས་པའི་སྐུལ་མ་བཏང་གནང་བ་རེད།

    2006ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དེ་ནི་གླུ་གཞས་ཤིག་ནང་བླངས་པ་ལྟར“ངོ་མཚར་ཅན་གྱི་མཁའ་ལམ་དེ་བརྒྱུད་ནས་མེས་རྒྱལ་གྱི་བཀའ་དྲིན་མཐའ་མཚམས་ཕྱོགས་སུ་ཁྱབ་ཡོད” སྐབས་དེར་དབྱིན་ཇིའི《སྲུང་སྐྱོང་ཚགས་པར》ཐོག“སུ་ཞིག་གིས་འགུལ་ཙམ་བྱས་ཀྱང་དབྱང་རླུང་རྔུབ་དགོས་པའི་གནས་ཚུལ་འོག་ལྕགས་ལམ་འདིང་ཐུབ་བམ། ལྕགས་ལམ་འདི་ནི་ཀྲུང་གོའི‘སྒྲུབ་ཕོད་པའི’སྙིང་སྟོབས་ཀྱི་དཔེ་མཚོན་ཡག་ཤོས་ཤིག་རེད”ཞེས་འཁོད་ཡོད།

    2021ལོའི་ཟླ་བདུན་པར། ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཐེངས་གསུམ་པ་ཕེབས་པ་དང་། ཉིང་ཁྲི་ནས“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་བཞུགས་ཏེ་ལྷ་སར་ཕེབས་སྐབས་ཆུ་ཚོད་3ལས་འགོར་མེད། མེ་འཁོར་ནང་། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུ་འཚོགས་ནས་བོད་འཕེལ་རྒྱས་ལ་ཞིབ་འཇུག་གནང་བ་སྟེ“ནུབ་རྒྱུད་དུ་སྟོང་ཆ་ཆེན་པོ་འདུག འབྱུང་འགྱུར་སྟོང་ཆ་དེ་དག་སྐོང་ཅི་ཐུབ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་འགྲིམ་འགྲུལ་དེ་བས་ལེགས་སུ་གཏོང་དགོས”ཞེས་གསུངས་པ་རེད།

    ད་ཆ་ང་ཚོས་སྟོབས་ཤུགས་ལེགས་སྒྲིག་གིས་མདུན་སྐྱོད་བྱེད་བཞིན་ཡོད། གནའ་བོའི་ཡུལ་གྲུ་འདིས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་ལ་བརྟེན་ནས“བོད་ལྗོངས་གསར་པའི”རྣམ་པ་གཏོད་བཞིན་མཆིས།

    དུས་རབས་གསར་པ་ཤར་ཚུན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང་། བོད་སྐྱོང་བོད་བརྟན་བོད་དར་གྱི“དོན་ཆེན་བཞི”ཁ་གསལ་བཟོས་ནས་འཐབ་ཇུས་རང་བཞིན་གྱི་འཆར་འགོད་གནང་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།

    ད་ཐེངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་གཞི་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་སྒོ་བན་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་ཕྱག་བྲིས་གནང་ནས་ཐུགས་རེ་བཏོན་གནང་བ་དང་སྦྲགས། གངས་ལྗོངས་ལ་འཆར་གཞི་གསར་པ་བཀོད་གནང་བ་སྟེ“མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”ཞེས་གསུངས་པ་རེད།

    ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ཟློས་གར་ཁང་ཆེན་དུ་དྲོ་སྐྱིད་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》ལ་གཟིགས་པ་རེད།

    “ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ཁྱིམ་མི་ཡོངས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས” “མི་སེར་དང་ལྷག་པར་དུ་བོད་རིགས་མང་ཚོགས་ལ་ད་ཆའི་འཚོ་བ་འདི་འདྲ་ཡོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབ་འོས་པའི་བྱ་བ་བསྒྲུབས་པས་རེད” དེ་ནི“མི་སུ་ཞིག་ཀྱང་ལུས་མི་རུང”བའི་བརྩེ་སེམས་ཟབ་མོ་ཞིག་ཡིན་ལ། དེ་ནི“མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”ཁས་ལེན་བཙན་པོའང་རེད།

    ལྷ་སའི་ཁྲོམ་གཞུང་ཆེ་ཆུང་གང་སར་ཚོན་དར་དང་། སྦྱར་ཚིག འཕྲེད་འགེལ་སྦྱར་ཡིག་བཅས་ཀྱིས་ཁེངས་པ་དང་། ཡང་ཡང་གྲགས་པའི་སྐད་ཆ་ཚིག་གཅིག་གིས་བོད་ཀྱི་མི་དམངས་ཁྲི་370ཡི་ཡིད་ཆེས་བརྟན་པོ་བབ་ཆགས་པའི་ངང་མཚོན་ཡོད་པ་སྟེ“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་དེ་རེད།

    ཚེས་21ཉིན་གྱི་སྔ་དྲོའི་རྟེན་འབྲེལ་ཚོགས་ཆེན་ཐོག་མང་ཚོགས་ཀྱིས་དགའ་སྟོན་རྟེན་འབྲེལ་གཟབ་རྒྱས་ཀྱི་ཁྲོམ་སྐོར་བྱས་པ་རེད།

    ཕོ་བྲང་པོ་ཏ་ལའི་མདུན་གྱི་ལམ་ཆེན་དུ“སྐྱིད་པའི་ལྷ་ས” “སྒོ་དབྱེའི་གཞིས་ཀ་རྩེ” “བོད་མིའི་འབྱུང་གནས་ལྷོ་ཁ” “ཡིད་འོང་གི་ཉིང་ཁྲི” “དམར་མདངས་ཀྱི་ཆབ་མདོ” “གླིང་སྣེའི་ནག་ཆུ” “མཁའ་དབྱིངས་ཀྱི་མངའ་རིས”སོགས་ཁྲོམ་སྐོར་གྱི་གཟབ་འཁོར་རིམ་བཞིན་བཏང་བ་རེད།

    སྒྲ་སྙན་དཀྲོལ་བ་དང་། རྔ་རྡུང་བ། གླུ་ལེན་པ་བཅས་ཀྱི་འགྱུར་ཁུག་སྙན་མོ་དང་མཛེས་པའི་གར་སྟབས་ཀྱི་ཐོག་ནས་བོད་ཀྱི་ཡུལ་ཕྱོགས་ཁག་གི་བུ་ཕྲུག་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་དང་མཛེས་སྡུག་ལྡན་པའི་འཚོ་བར་ཕུལ་བའི་སྨོན་འདུན་གང་ལེགས་མཚོན་ཡོད།

    བརྩེ་སེམས་ཟབ་མོས་ཕྱུག་པའི་ས་ཕྱོགས་གཅིག མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ཁམས་ཤིག

    “མ་འོངས་པར་མདུན་སྐྱོད་བྱེད”ཅེས་པའི་གཟབ་འཁོར་མཇུག་ཤོས་དེ་དལ་གྱིས་སླེབས་ཤིང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་སེམས་ཤུགས་ཀྱིས་ཁེངས་པའི་འགྱུར་ཁུག་ཁྲོད་ཞི་བདེའི་ཕུག་རོན་དང་ཚོན་མདངས་རྣམ་པར་བཀྲ་བའི་ལྒང་ཕུག་སྤྲིན་དཀར་ལྡིང་བའི་མཁའ་དབྱིངས་སུ་འཕུར།

    “མཐོ་བའི་རི་བརྒལ། དམའ་བའི་ཐང་བརྒལ། ལང་ལོང་དུ་རྒྱུག་པའི་རྨ་ཆུ་དང་འབྲི་ཆུ་སྒྲོལ……”

    གངས་ལྗོངས་ཀྱི་བུ་ཕྲུག་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་དུ་བསྐྱོད་ནས་མི་རིགས་བསྐྱར་དར་གྱི་གཟི་འོད་རླབས་པོ་ཆེ་མཉམ་དུ་ལོངས་སྤྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།