རྒྱལ་ཁབ་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞིའི་འཕེལ་རིམ་བདེ་བླག་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཚོགས་པའི་དབང་སྐྱོན་སྔོན་འགོག་ཉིན་མོ་ཐེངས་དགུ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི《རྒྱལ་ཁབ་ཀྱི་དབང་སྐྱོན་སྔོན་འགོག་བྱ་སྤྱོད་འཆར་གཞི(2021ལོ་ནས་2025ལོ་བར)》ཡི་བྱ་སྤྱོད་གཙོ་བོའི་འཕེལ་རིམ་བདེ་བླག་བྱུང་བ་དང་། ལས་འགན་ལེགས་འགྲུབ་ཡག་པོ་བྱུང་སྟེ། ལས་འགན་གྱི་དམིགས་ཚད་ཁག་གཅིག་2025ལོའི་དམིགས་འབེན་ཚད་གཞིར་སླེབས་ཡོད་པ་རེད།
ལྷན་སྐྱེས་དབང་སྐྱོན་དང་འཚར་ལོངས་འབྱུང་དཀའ་བའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ནི་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རྒྱལ་ཡོངས་སུ་གཉེན་སྒྲིག་གོང་གི་བརྟག་དཔྱད་བྱེད་ཚད་75%ལྷག་ཙམ་ཟིན་པ་དང་། མངལ་མ་སྦྲུམ་གོང་གི་བདེ་ཐང་བརྟག་དཔྱད་དམིགས་ཚད་མི་ཚོགས་ལ་ཁྱབ་ཚད་དང་། སྦྲུམ་མ་དང་ཕྲུ་གུ་བཙའ་བའི་བུད་མེད་ལ་བརྒྱུད་རིམ་ལྡན་པའི་དོ་དམ་བྱེད་ཚད། ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱེད་ཚད། ལོ་3མན་གྱི་བྱིས་པར་བརྒྱུད་རིམ་ལྡན་པའི་དོ་དམ་བྱེད་ཚད་བཅས་ཆ་སྙོམས་90%ལྷག་ཙམ་ཟིན་པ་རེད།
ནད་ཀྱིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད། རང་རྒྱལ་གྱི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་རིགས་2པ་སོགས་གཅོང་ནད་ཕོག་པར་གཞི་རིམ་གྱི་ཚད་ལྡན་དོ་དམ་ཞབས་ཞུ་བྱེད་ཚད་60%ལྷག་ཙམ་ཟིན་པ་དང་ཐོ་འགོད་བྱས་པའི་སེམས་ནད་ཚབས་ཆེན་ཕོག་པའི་ནད་པར་ཚད་ལྡན་དོ་དམ་བྱེད་ཚད་95%ལྷག་ཙམ་ཟིན་ཡོད། སློབ་ལོ་ལོན་པའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་དང་ས་གནས་ཀྱི་ནད་གཞི་ཚབས་ཆེན་གྱི་རྫོང(གྲོང་ཁྱེར་དང་། རང་སྐྱོང་ལྗོངས། ཆི)བཅས་ལ་ཚོད་འཛིན་དང་སྨན་བཅོས་ཐུབ་ཚད་95%ལྷག་ཙམ་ཟིན་པ་རེད།
བདེ་འཇགས་འགོག་སྲུང་དང་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལས་གནོད་འཚེ་ཕོག་པའི་རྐྱེན་གྱིས་དབང་པོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་གཏོང་ཐུབ་པ་དང་། རང་རྒྱལ་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་མུ་མཐུད་ཉུང་དུ་ཕྱིན་ནས་2024ལོར་2020ལོ་ལས་42.7%ཉུང་དུ་ཕྱིན་ཡོད། སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་གྱི་མཚན་མོར་ཚད་གཞི་ལོན་ཚད་88.2%ཟིན་ཡོད།
རང་རྒྱལ་གྱི་བདེ་ཐང་སླར་གསོའི་ཞབས་ཞུ་འཕེལ་རྒྱས་མགྱོགས་སུ་སོང་ཞིང་། རྒྱལ་ཡོངས་ཀྱི་མི་འབོར་ཁྲི་10རེར་བདེ་ཐང་སླར་གསོའི་སྨན་པ་7ལྷག་ཙམ་ཟིན་པ་དང་། བྱིས་པ་དབང་སྐྱོན་ཁྲི་49.9ལ་བདེ་ཐང་སླར་གསོའི་རོགས་སྐྱོར་ཐོབ་པ། དབང་སྐྱོན་ཁྲི་866.8ལ་གཞི་རྩའི་བདེ་ཐང་སླར་གསོའི་ཞབས་ཞུ་ཐོབ་པ། དབང་སྐྱོན་གྱི་གཞི་རྩའི་བདེ་ཐང་སླར་གསོའི་ཞབས་ཞུ་ཁྱབ་ཚད་དང་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་བྱེད་ཚད་ཆ་སྙོམས་85%ཡན་ཟིན་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།