དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒས་དུས་འཚོ་རྟེན་ཡོད་པ་དང་བྱིས་དུས་སྐྱོང་མཁན་ཡོད་པ།

    ལྷ་སའི་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ས་ཚིགས་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-25

    བོད་རང་སྐྱོང་ལྗོངས་སུ་དམངས་འཚོ་ལེགས་སུ་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འགག་རྩའི་བརྗོད་གཞི་ཞིག་རེད། ཟླ་7ཚེས་17ཉིན། 《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》གྱི་གསར་འགོད་པ“འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ”ཞེས་པའི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཚོགས་པ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ས་ཚིགས་སུ་འབྱོར་སྐབས། བོད་བཟོ་དང་དེང་རབས་ཀྱི་བྱེད་ནུས་མཉམ་འདྲེས་ཀྱི་སྡོད་ཁང་དག་ལས“རྒས་དུས་འཚོ་རྟེན་ཡོད་པ་དང་བྱིས་དུས་སྐྱོང་མཁན་ཡོད་པའི”གསོན་ཉམས་ལྡན་པའི་རྣམ་པ་ཞིག་ངམ་ངམ་དུ་མངོན།

    རྒན་རྒོན་དང་བྱིས་པའི་སྤྲོ་སྐྱིད་ཁང་།

    དྲོ་འཇམ་ཉི་འོད་ཐོག་སོ་གཉིས་པའི་སྒེའུ་ཁུང་ནས་ཚོམས་ཆེན་ནང་འཕྲོས་ཤིང་། ཚོམས་ཆེན་ནང་མེ་ཏོག་སྣ་ཚོགས་བསྒྲིགས་ནས་འདུག་ལ། སྨྱུག་མའི་རྐུབ་སྟེགས་ཐོག་རྒན་རྒོན་ཁག་གཅིག་བག་ཕེབས་ངང་ཇ་བཏུང་བཞིན་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་ཕྲུ་གུ་ཁག་གཅིག་རྒན་རྒོན་ཚོའི་འགྲམ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག

    བདེ་སྐྱིད་ས་ཚིགས་ཀྱི་ལུས་སྦྱོང་བྱེད་སྒོ་ཁང་དུ་ལོ་70ལྷག་ཙམ་ལ་སླེབས་པའི་རྒན་རྒོན་ཞིག་འཕུར་མཉེད་རྐུབ་སྟེགས་ཐོག་བསྡད་ནས་རྐང་པར་འཕུར་མཉེད་གཏོང་བཞིན་འདུག ཁོང་གིས་གསར་འགོད་པར་རྐང་པ་ཐང་པོ་མེད་སྟབས་ཉིན་ལྟར་ཞོགས་པ་ལུས་སྦྱོང་ཁང་དུ་འཕུར་མཉེད་གཏོང་བར་ཡོང་གི་ཡོད། ད་ཆ་རྐང་པ་བདེ་རུ་ཕྱིན་འདུག་ཅེས་བཤད།

    རྒན་རྒོན་དང་གླེང་མོལ་བྱེད་སྐབས། ཉེ་འགྲམ་གྱི་བྱིས་པའི་བྱེད་སྒོ་ཁང་ནས་དགོད་སྒྲ་ཡང་ཡང་གྲགས་ཤིང་། ལྟ་བར་སྐྱོད་སྐབས། བྱིས་པ་གསུམ་ཚོན་མདོག་སྣ་ཚོགས་ཀྱི་སྤོ་ལོ་མང་པོའི་ཁྲོད་སྤོ་ལོ་དྲ་བའི་ནང་བླུག་བཞིན་འདུག སྤོ་ལོ་འཛུལ་བ་མཐོང་སྐབས་ཚང་མས་དགའ་འབོད་བྱེད་ཅིང་། རྩེད་མོ་རྩེ་སའི་འགྲམ་ན་བྱིས་པའི་དཔེ་དེབ་བསྒྲིགས་པའི་དཔེ་སྒྲོམ་དང་ཕྲུ་གུ་ཚོར་ཡི་གེ་འབྲི་སྟངས་སློབ་པར་སྤྱོད་རྒྱུའི་ནག་པང་གཅིག་བཞག་འདུག

    གསུམ་ལྡན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་གྲུབ་ཆོས་འཕེལ་གྱིས་གསར་འགོད་པར། བདེ་སྐྱིད་ས་ཚིགས་འདི་དང་ཐོག་2020ལོར་བརྒྱབ་པའི་རྒན་གསོ་ཁང་འདི་རེད། རྒན་གསོ་དང་། བཅོལ་གསོ། ལུས་གསོ་བཅས་ཀྱི་རྒན་གསོའི་ས་ཚིགས་ཀྱི་ནུས་པ་སྔར་བས་འདོན་ཆེད། 2023ལོར་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག གྲོང་ཚོས་རྒན་གསོའི་ས་ཚིགས་སྒྱུར་བཀོད་དང་རྒྱས་སྐྲུན་བྱས་ཤིང་། ད་ཆ་ས་ཚིགས་ཁང་དུ་འཕྲོད་སྦྱོར་ཁང་དང་། སྨན་མཛོད། བྱིས་པའི་བཅོལ་གསོ་ལྟེ་གནས། རྒན་རྒོན་བྱེད་སྒོ་ལྟེ་གནས་སོགས་ནུས་མང་ཁང་ཡོད། རྒན་གསོ་དང་ཕྲུ་གུ་ཚོའི་སྒྲིག་ཆས་མཉམ་དུ་ཡོད་པས་རྒན་གསོ་དང་བཅོལ་གསོ་གཞི་གཅིག་ཅན་གྱི་རྒན་གསོ་བྱིས་སྐྱོང་གི་རྣམ་པ་ཞིག་གྲུབ་ཡོད།

    ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་གཙིགས་ཆེན་བྱེད་པ།

    བཅར་འདྲི་བྱེད་སྐབས། བདེ་སྐྱིད་ས་ཚིགས་ཀྱི་གྱང་སྟེང་དུ་བྱེད་སྒོའི་ནང་དོན་བཀོད་པའི་ཡིག་སྒྲོམ་ནས་གྲོང་མིའི་བདེ་ཐང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་སྲུང་ཤེས་བྱ་ཁྱབ་གདལ་གཏོང་ཆེད། ཉེ་ཆར་གྲོང་ཚོས་ས་གནས་དེ་གའི་སྤྱི་ཚོཌ་ལས་དོན་པ་དང་དང་བླངས་པའི་ཞབས་ཞུའི་མཐུན་ཚོཌ་ཀྱི་ཆེད་ལས་ཚོགས་པ་གདན་དྲངས་ནས་བདེ་སྐྱིད་ས་ཚིཌ་སུ་རྒྱུན་གཏན་གྱི་བདེ་ཐང་གནད་དོན་དང་ཟུང་འབྲེལ་བྱས་ཏེ་གྲོང་མིར་བདེ་ཐང་གི་ཤེས་བྱ་འཆད་ཁྲིད་བྱ་རྒྱུའི་སྐོར་བྲིས་པ་གསར་འགོད་པས་མཐོང་བྱུང་།

    བསམ་གྲུབ་ཆོས་འཕེལ་གྱིས་གསར་འགོད་པར། ད་ཆ་བདེ་སྐྱིད་ས་ཚིགས་སུ་ཉིན་ལྟར་གྲོང་ཚོའི་སྨན་པས་དུས་ཐོག་ཏུ་རྒན་རྒོན་ལ་ཁྲག་ཤེད་ལྟ་བ་དང་། གཟུགས་པོ་བདེ་ཐང་གི་གནས་ཚུལ་དྲིས་ནས་ཐོ་རྒྱག་གི་ཡོད་ལ། གྲོང་ཚོས་ཀྱང་དུས་བཀག་ལྟར་འཕྲོད་བསྟེན་བདེ་ཐང་འཆད་ཁྲིད་བྱས་ཏེ་གྲོང་མི་ཚོས་རང་ཉིད་ཀྱི་གཟུགས་པོར་གཅེས་སྤྲས་ཐུབ་པར་བྱེད་པ་མ་ཟད། བྱིས་པ་དང་རྒན་རྒོན་གྱི་ནད་གཞི་སྔོན་འགོག་དང་ནད་གཞི་ཕོག་རྗེས་སྨན་བཅོས་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཤེས་བྱ་ཡང་འཆད་ཁྲིད་བྱས་ཏེ་སྔོན་འགོག་དང་བདེ་ཐང་ལས་དོན་མཉམ་དུ་སྤེལ་ཡོད་ཅེས་བཤད།

    རྒྱུན་དུ་རོགས་རམ་དང་ལྟ་སྐྱོང་བྱེད་པ་ཕུད། གསུམ་ལྡན་གྲོང་ཚོས་རྟག་ཏུ་བདེ་སྐྱིད་ས་ཚིགས་སུ་བརྗོད་དོན་མི་འདྲ་བའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་གྲོང་མིའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་ཅིང་། དེའི་ནང་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་གཙོ་བོར་འཇོག་གི་ཡོད།

    བསམ་གྲུབ་ཆོས་འཕེལ་གྱིས་མིག་སྔར“རྒན་གཅིག་གཞོན་གཅིག”དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མང་པོ་ཡོད་པར་རྒན་རྒོན་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སོགས་ཚུད་ཡོད། གྲོང་ཚོས་དུས་བཀག་ལྟར་བདེ་སྐྱིད་ས་ཚིགས་སུ་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་འཆད་ཁྲིད་སྒྲིག་འཛུགས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ་སོགས་དམིགས་བསལ་དུས་ཚིགས་སུ་ཆེད་དོན་བཅའ་ཁྲིམས་འཆད་ཁྲིད་བྱས་ནས་གྲོང་ཚོ་ཡོངས་སུ“བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། བཅའ་ཁྲིམས་སྦྱོང་བ། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་སྤྱོད་པ”བཅས་ཀྱི་རྣམ་པ་ཆགས་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    བྱེད་ཐབས་གསར་གཏོད་བྱས་ནས་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

    མིག་སྔར་བདེ་སྐྱིད་ས་ཚིགས་སུ་ཁྱོན་བསྡོམས་ཁྱིམ་ཚང་19ནས་ཡོང་བའི་རྒན་རྒོན་21ཡོད་ཅིང་། དགུན་ཁ་དང་དབྱར་ཁའི་གུང་གསེང་རིང་ལྟ་སྐྱོང་བྱེད་མཁན་མེད་པའི་ཕྲུ་གུ་ཡང་ས་ཚིགས་སུ་ཉར་གྱི་ཡོད།

    བསམ་གྲུབ་ཆོས་འཕེལ་གྱིས“རྒན་བྱིས་མཉམ་འདྲེས”ཀྱི་ལྟ་སྐྱོང་བྱེད་ཐབས་དེས་རྒན་རྒོན་དང་ཕྲུ་གུ་ཚོར་ཆེད་ལས་ཀྱི་ལྟ་སྐྱོང་ཐུབ་པ་མ་ཟད། གྲོང་ཚོའི་གཞོན་ནུ་རྣམས་ཕྱིར་བློ་བདེ་པོས་གླ་པ་རྒྱུག་ཆོག་པས། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད་ཅེས་བཤད།

    སླད་ཕྱིན་གྱི་འཕེལ་རྒྱས་སྐོར་གླེང་སྐབས། ཁོང་གིས་རྒན་གསོ་དང་བཅོལ་གསོའི་ཆེད་ལས་མི་སྣ་མང་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་གོམ་སྟབས་རྗེས་མར་གསུམ་ལྡན་གྲོང་ཚོས་ཕྱོགས་གསུམ་པའི་སྒྲིག་གཞི་དང་མཉམ་ལས་བྱེད་པ་སོགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་ཆེད་ལས་མི་སྣ་ཁ་གསབ་དང་། ཞབས་ཞུའི་བྱེད་ཐབས་གསར་གཏོད། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་རྒན་རྒོན་དང་བྱིས་པར་སྤུས་ལེགས་དང་བྱམས་སྐྱོང་གི་ཞབས་འདེགས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་མ་ཟད། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ན་རྒས་ལ་འཚོ་རྟེན་ཡོད་པ་དང་། བྱིས་པ་སྐྱོང་མཁན་ཡོད་པ། དམངས་ཀྱི་སེམས་པ་སྐྱིད་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་གྲོང་གསེབ་ཀྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་བཤད།

    (《ཁྲིམས་སྐྱོང་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།