“རྒན་བྱིས་མཉམ་བཅོལ”གྱི་རྣམ་པ་རིམ་བཞིན་དར་བ།
འདི་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་རུན་ཆུས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་ཤིག་ཏུ་འཚོ་སྐྱོང་བས་རྒན་རྒོན་གྱི་སེམས་པ་གུ་ཡངས་པོ་ཡོང་ཐབས་བྱེད་བཞིན་པ།
ཀྲུང་གོའི་ལོ་65དང་དེ་ཡན་གྱི་རྒན་རྒོན་གྱི་གྲངས་འབོར་མུ་མཐུད་མང་དུ་ཕྱིན་པས་རྒན་གསོའི་ཞབས་འདེགས་ཞུ་མཁན་དགོས་མཁོ་ཆེ་རུ་ཕྱིན་ཡོད། གནས་ཚུལ་དེ་རིགས་དང་འཚམ་མཐུན་ཡོང་ཆེད། ཀྲུང་གོའི་མཐོ་སློབ་ཁག་གཅིག་གིས་རྒན་གསོའི་ཞབས་ཞུ་དོ་དམ་གྱི་ཆེད་ལས་སློབ་གནས་བཏོན་ཡོད་ཅིང་། ན་ནིང་རྒན་གསོའི་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཁག་དང་པོ་སློབ་མཐར་ཕྱིན་ནས་མི་སྤྱོད་ཚན་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།
དེ་དག་ལས་སྔོན་ཆད་བུ་བཅོལ་ཁང་དུ་ལོ་མང་ལས་ཀ་བྱེད་མྱོང་བའི་ཨ་ཅག་ཝུའུ་ལགས་བྱ་གཞག་གཏོད་པར་སྐུལ་མ་ཐེབས་ནས་ཅང་ཤིས་སུ་རྒན་གསོ་ཁང་ཞིག་བཙུགས། ཁོང་གིས་རྒན་རྒོན་བདག་སྐྱོང་ལས་རིགས་ལ་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ཁོང་ལ་ཉིན་ལྟར་མཁོ་མཁན་གྱི་བློ་འདྲིའི་ཁ་པར་མང་པོ་འབྱོར་གྱི་ཡོད། དེ་དང་ཆབས་ཅིག་སྔོན་ཆད་ལས་རིགས་གཅིག་པ་ཡིན་པའི་བུ་བཅོལ་ཁང་གི་དགེ་རྒན་ཁག་གཅིག་གིས་ཀྱང་ཁོང་ལྟར་ལས་རིགས་སྒྱུར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཀྲུང་གོའི་སྲིད་གཞུང་དང་སྡེ་ཚན་གྱིས་བྱིས་པ་དང་རྒན་རྒོན་མཉམ་དུ་ལྟ་རྟོག་བྱེད་སའི“རྒན་བྱིས་མཉམ་བཅོལ”གྱི་སྒྲིག་བཀོད་ལ་མཐོང་ཆེན་པོ་བྱེད་པ་སྟེ་དཔེར་ན། ན་ནིང་ཁྲུང་ཆིང་གི་བུ་བཅོལ་ཁང་ཞིག་གི་ཐོག་ཁང་སྟོང་པ་རྒན་གསོའི་ཞབས་ཞུ་ས་ཚིགས་སུ་སྒྱུར་བཀོད་བྱས་ནས། ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་དང་ཡིག་གཟུགས་འབྲི་སའི་ཅོག་ཙེ་སོགས་སྒྲིག་སྦྱོར་བྱས་ཡོད། བུ་བཅོལ་ཁང་གི་དགེ་རྒན་ཚོས་ཀྱང་ཁོམ་པ་ཡོད་དུས་རྒན་རྒོན་ཚོར་སློབ་ཁྲིད་བྱེད་ཆོག་གི་ཡོད།
—— དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》དུས་དེབ་ཐོག་རྩོམ་ཡིག་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།