དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་རིག་དངོས་གཞི་ཁྱོན་ཆེན་པོས་སྲུང་སྐྱོང་དང་ཉམས་གསོ་བྱས་རྗེས།

    གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་ཕོ་བྲང་པོ་ཏ་ལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-24

    ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་འཛམ་གླིང་རིག་གནས་ཤུལ་བཞག་སྟེ། ཕོ་བྲང་པོ་ཏ་ལ་ནི་ས་བབ་སྨི་3700ལྷག་ཙམ་ཟིན་པའི་དམར་པོ་རིའི་སྟེང་དུ་འགྱིང་ངེར་གནས་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ཕོ་བྲང་པོ་ཏ་ལར་ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་ཐོབ་ཅིང་། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་འོག 1961ལོའི་ཟླ་3པར་ཕོ་བྲང་པོ་ཏ་ལ་དང་ས་སྐྱ་དགོན་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོར་ཚུད་པ་རེད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་3ཙམ་བཏང་སྟེ་ཕོ་བྲང་པོ་ཏ་ལར་གཞི་ཁྱོན་ཆེན་པོས་ཉམས་གསོ་ཐེངས་གཉིས་བྱས་པ་དང་། ཕྱིས་སུ་ཉིན་རེའི་ཉམས་གསོ་དང་ལོ་རེའི་ཉམས་གསོ་གཉིས་སུ་བྱས་ཏེ་རྒྱུན་གཏན་གྱི་བདག་སྐྱོང་ཉམས་གསོའི་ལས་དོན་རྒྱུན་མཐུད་སྤེལ་བས། བརྗིད་ཉམས་ལྡན་ལ་ཡིད་དབང་འཕྲོག་པའི་ཕོ་བྲང་པོ་ཏ་ལའི་ཉམས་འགྱུར་སྔར་བཞིན་འཛམ་གླིང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་དུ་མངོན་བཞིན་མཆིས།

    རྒྱལ་ཁབ་ཀྱི་བྱ་སྤྱོད།

    གཞི་ཁྱོན་སྔར་ན་མེད་པའི་རིག་དངོས་ཉམས་གསོའི་ལས་གྲྭ་ལག་ལེན་བསྟར་བ།

    ཕོ་བྲང་པོ་ཏ་ལ་བསྐྲུན་ནས་ལོ་རབས་མང་པོ་སོང་བས། ཤིང་ཆ་ཕལ་ཆེ་བ་རུལ་བ་དང་། གྱང་ལྡེབས་ལ་སེར་ཀ་ཤོར་བ། རྩིག་རྨང་བབས་པ། ལྡེབས་རིས་གོག་ལྤགས་བརྒྱབ་པའམ་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ཐོན་བཞིན་ཡོད།

    1984ལོ་ནས་1988ལོའི་བར། རྒྱལ་ཁབ་རིག་དངོས་ཅུས་སོགས་འབྲེལ་ཡོད་ཚན་པས་རིགས་གཅིག་མཁས་ཅན་ཐེངས་མང་མངགས་ནས་བོད་ཀྱི་གནའ་བོའི་བཟོ་སྐྲུན་གྱི་རིགས་གཅིག་མཁས་ཅན་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཉེན་གྱར་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཞིབ་ཕྲ་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་དང་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། རིགས་གཅིག་མཁས་ཅན་ཚོས་ཕོ་བྲང་པོ་ཏ་ལ་ལོ་མང་ཉམས་གསོ་བྱས་མེད་པའི་རྐྱེན་གྱིས། གང་སར་ཉེན་ཁ་ཐོན་པས་ཉམས་གསོ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་པ་ཤེས།

    1988ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་བའི《ཕོ་བྲང་པོ་ཏ་ལ་མགྱོགས་མྱུར་ཉམས་བཟོ་བྱ་རྒྱུའི་སྐོར་གྱི་ཛ་དྲག་སྙན་ཞུར》ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་དབྱང་གི་ཐབས་ཇུས་རིམ་གྲས་མཐོ་ཤོས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད། ལོ་དེའི་ཟླ་10པར་པེ་ཅིང་ཀྲུང་ནན་ཧའེ་ནས་གཏམ་བཟང་ཞིག་གྲགས་པ་སྟེ། ཀྲུང་དབྱང་གིས་ཆེད་དངུལ་འབོར་ཆེན་བཏང་སྟེ་ཕོ་བྲང་པོ་ཏ་ལ་ཕྱོགས་ཡོངས་ནས་ཉམས་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་རེད།

    1989ལོར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དངོས་སུ་བཙུགས། ལོ་དེར་ལོ་25ལ་སླེབས་པའི་ཉི་མ་ཚེ་རིང་དོ་དམ་ཁྲུའི་ལས་དོན་པ་ཞིག་ཏུ་གྱུར།

    1989ལོའི་ཟླ་10ཚེས་11ཉིན། ཕོ་བྲང་པོ་ཏ་ལའི་དུས་ཐེངས་དང་པོའི་ཉམས་གསོའི་ལས་གྲྭ་ཕོ་བྲང་དཀར་པོའི་བྱང་ངོས་སུ་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་པ་དང་། དེས་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་། མ་དངུལ་བཏང་མང་ཤོས། ཆེས་མཐར་ཕྱིན་པ་བཅས་ཀྱི་རིག་དངོས་ཉམས་གསོའི་ལས་གྲྭའི་ལས་འགོ་ཚུགས་པ་ཉི་མ་ཚེ་རིང་གིས་གསལ་ལེར་དྲན་གྱི་ཡོད།

    རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་བྱས་རྗེས། ཀྲུང་དབྱང་གིས་སྔ་རྗེས་སུ་ལས་གྲྭ་དེར་མ་དངུལ་མི་དམངས་ཤོག་སྒོར་ཁྲི་5300བཏང་བ་རེད།

    “ཐེངས་འདིའི་གཞི་ཁྱོན་ཆེ་བའི་ཉམས་གསོ་དུས་ཡུན་ལོ་ལྔ་བྱས་ནས་1994ལོར་ལས་མཇུག་འགྲིལ་བ་རེད”ཅེས་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ལོ་དེའི་ཟླ་བརྒྱད་པར། ཕོ་བྲང་པོ་ཏ་ལའི་ཉམས་གསོའི་ལས་གྲྭ་ལས་མཇུག་སྒྲིལ་བ་དང་བསྟུན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕོ་བྲང་པོ་ཏ་ལ་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་ལས་དོན་སྤེལ་འགོ་བརྩམས། 1994ལོའི་ཟླ་12པར། ཕོ་བྲང་པོ་ཏ་ལ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་དངོས་སུ་བཅུག་པས། བོད་ཀྱི་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་པོར་གྱུར། 2000ལོ་དང་2001ལོར་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ནོར་བུ་གླིང་ཁ་སྔ་རྗེས་སུ“འཛམ་གླིང་གི་ཤུལ་བཞག·ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་སྐྲུན་དངོས་ཚོགས”ཞེས་པའི་རྒྱ་སྐྱེད་རྣམ་གྲངས་སུ་བདེ་བླག་ངང་ཚུད་པ་རེད།

    བཟོ་བོའི་ཉམས་འགྱུར།

    རྙིང་བཟོ་ཉམས་གསོའི་ཁྲོད་སྐྱེ་སྟོབས་གསར་པ་རྒྱས་པ།

    ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པ་ལས་ཕོ་བྲང་པོ་ཏ་ལའི་རྣམ་པ་གསར་རྐྱང་དུ་གྱུར། ད་ཐེངས་ཀྱི་ཉམས་གསོའི་ལས་གྲྭ་ཆེན་པོ་ནི་རང་རྒྱལ་གྱི་བོད་བཟོའི་གནའ་བོའི་སྐྲུན་དངོས་ཆེ་གྲས་ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་གསོ་བྱས་པའི་ལས་དོན་ཐོག་མ་དེ་ཡིན་པ་དང་། དེས“གནའ་རྫས་རྩད་ཞིབ་དང་། གྲུབ་ཆ་བརྟན་གཏོང་། བཟོ་རྩལ་སླར་གསོ”བཅས་ཁྱབ་ཁོངས་ཧྲིལ་པོའི་ཕྱོགས་ཡོངས་སྲུང་སྐྱོང་གི་བརྒྱུད་རིམ་གསར་གཏོད་བྱས་པས། སྐྲུན་དངོས་ལ་སྲུང་སྐྱོང་ཐུབ་པ་མ་ཟད། དེའི་ནང་གི་གཙོ་གནད་རིག་དངོས་སྐྲུན་དངོས་རྡིབ་སྐྱོན་ཤོར་བའི་དབང་གིས་ལྡོག་ཐབས་མེད་པའི་གནོད་སྐྱོན་མ་བྱུང་སྔོན་འགོག་ཐུབ་ནས། རང་ལྗོངས་ཀྱི་རིག་དངོས་དང་གནའ་བོའི་སྐྲུན་དངོས་ཉམས་གསོའི་ལས་གྲྭར་སྐུལ་འདེད་གཏོང་བར་རྩ་ཆེའི་ཉམས་མྱོང་མཁོ་འདོན་དང་དཔྱད་གཞིར་འཛིན་པའི་ནུས་པ་ཡང་ཐོན་ཡོད།

    ཉམས་གསོའི་བརྒྱུད་རིམ་ཧྲིལ་པོར་ཞུགས་མྱོང་བའི་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར། 1989ལོར་འགོ་བཙུགས་པའི་ཉམས་གསོའི་ལས་གྲྭ་དེ་སྔོན་ལ་སླ་བ་དང་རྗེས་སུ་དཀའ་བ་དང་། སྔོན་ལ་ཛ་དྲག་དང་རྗེས་སུ་དལ་བའི་ལག་བསྟར་གོ་རིམ་སྤྱད་ཡོད་མོད། “འོན་ཀྱང་གནའ་བོའི་སྐྲུན་དངོས་ཉམས་གསོ་ནི་དཀའ་བ་སྤྱོད་ཐེངས་གཅིག་ལ་སྒྲུབ་ཐུབ་པའི་བྱ་བ་ཞིག་ག་ལ་ཡིན། དེ་བས་ཀྱང་ཕོ་བྲང་པོ་ཏ་ལའི་སྐྲུན་དངོས་ཀྱི་གཞི་ཁྱོན་ཆེ་བ་དང་གྲུབ་ཚུལ་རྙོག་འཛིང་ཆེ་བས། མངོན་མེད་ཀྱི་རྐྱེན་ངན་མང་པོ་ཞིག་ད་དུང་ཡང་རྩ་བ་ནས་སེལ་ཐུབ་མེད”

    2001ལོའི་ཟླ་6པར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་གཙོ་གནད་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་དུས་ཐེངས་གསར་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་རྣམ་གྲངས་གྲས་སུ་བཅུག་ཡོད།

    གཙོ་གནད་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.8བཏང་བ་དང་། རིགས་ཆེན་པོ་4ཡི་རྣམ་གྲངས་ཁག་289ལག་བསྟར་བྱས་པ། 2002ལོར་ལས་འགོ་ཚུགས་པ་དང་2009ལོའི་ཟླ་8པར་ལས་མཇུག་འགྲིལ་བས་ཁྱོན་དུས་ཡུན་ལོ་7འགོར་ཡོད།

    ལས་གྲྭ་དེར་ཀྲུང་དབྱང་གིས་ཉམས་གསོའི་མ་དངུལ་སྒོར་དུང་ཕྱུར་2.1བཏང་ནས་རིགས་ཆེ་གྲས་8ཀྱི་ཡན་ལག་རྣམ་གྲངས་ཁག་64ལག་བསྟར་བྱས་པར་རྩིག་གྱང་བརྟན་དུ་གཏོང་བའི་ཉམས་གསོ་དང་། ལྡེབས་རིས་ཉམས་གསོ། སྨི་ངོས་གྲུ་ཁྲི་5ལྷག་ཙམ་གྱི་ཞོལ་གྲོང་སྲུང་སྐྱོང་ཉམས་གསོ། དུད་ཚང་303གྱི་གྲོང་མི་གནས་སྤོ་དང་སྨི་ངོས་གྲུ་ཁྲི་6ལྷག་ཙམ་གྱི་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་བཅས་ཚུད་ཡོད་ལ། ཕོ་བྲང་པོ་ཏ་ལའི་སྐྲུན་དངོས་ཚོགས་ཀྱི་མེ་ཟོན་དང་། བདེ་སྲུང་། འཐུང་ཆུ་མཁོ་འདོན་བཙོག་ཆུ་ཕྱིར་འབུད། གློག་ཆས་གློག་སྒྲོན་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ཡང་བཀོད་སྒྲིག་བྱས་ཡོད།

    གཅིག་རྒྱུན་གཅིག་འཛིན།

    རིག་གནས་ཀྱི་ནོར་མཛོད་ལ་གསོན་ཤུགས་གསར་པ་རྒྱས་པ།

    གཞི་ཁྱོན་ཆེན་པོས་ཉམས་གསོ་ཐེངས་གཉིས་བྱས་རྗེས། གནའ་བོའི་སྐྲུན་དངོས་ལ་རྒྱུན་མཐུད་བདག་སྐྱོང་དང་སྲུང་སྐྱོང་ཡག་པོ་བྱ་ཆེད། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་2003ལོར་ཤིང་བཟོ་ཆེ་མོ་བ་དང་། རྡོ་བཟོ་ཆེ་མོ་བ། ཞལ་དཔོན། འཚེམ་བཟོ་ཆེ་མོ་བ། ཚོན་པ་དང་ལྷ་བྲི་བ་སོགས་ལས་རིགས་མང་པོའི་ཉམས་གསོ་ཁོའོ་བཙུགས་ཤིང་། ལག་རྩལ་མི་སྣ་60ལྷག་ཙམ་གྱིས“ཐེ་གཏོགས་གང་ཉུང་ཉུང་དང་སྔར་གྱི་རྣམ་པ་སོར་འཇོག་གང་ཐུབ་ཐུབ་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུས་ནས་ཉམས་གསོ་བྱས།

    ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཉམས་གསོ་ཁོའོ་ཡི་ཁོའོ་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས། ཉམས་གསོ་ཁོའོ་ཡི་ལས་དོན་ནི་སྔོན་འགོག་གཙོ་བོར་འཛིན་པའི་སྲུང་སྐྱོང་ཁོངས་སུ་གཏོགས་པས། དུས་རྒྱུན་དུ་བདག་སྐྱོང་ཡག་པོ་བྱས་ན་མངོན་མེད་རྐྱེན་ངན་ཆུང་ཆུང་དག་གནད་དོན་ཆེན་པོར་འགྱུར་མི་སྲིད། སྐྲུན་དངོས་ཚང་མར་བདག་སྐྱོང་བྱེད་པ་ཕུད། ཕོ་བྲང་པོ་ཏ་ལའི་ཁང་མིག་རེ་རེ་དང་། རྩིག་གྱང་རེ་རེ། སོ་ཕག་རེ་རེ་བཅས་ཚང་མར་དུས་རྒྱུན་ནས་ཉམས་གསོ་དང་སྔོན་འགོག་གི་བདག་སྐྱོང་བྱེད་དགོས་པས་ང་ཚོ་ནི་ཕོ་བྲང་པོ་ཏ་ལའི“བདེ་སྲུང་སྨན་པ”ལྟ་བུ་ཡིན་ཞེས་བརྗོད།

    ལོ་ངོ་སྟོང་གི་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལ་ནི་སྐྲུན་དངོས་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་མཚོན་བྱེད་ཅིག་ཡིན་པ་མ་ཟད། དེའི་ནང་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་མང་པོ་ཞིག་དེ་བས་ཀྱང་ཉར་ཚགས་བྱས་ཡོད།

    2018ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱིས་མ་དངུལ་ཁྱོན་སྒོར་དུང་ཕྱུར་3བཏང་བ་དང་དུས་ཡུན་ལོ་10ཡི་རིང་ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་ཀྱི་རྣམ་གྲངས་སྤེལ་འགོ་ཚུགས་པ་དེའི་ནང་། གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་ཉམས་གསོ། གྲངས་འཛིན་ཅན་གྱི་སྲུང་སྐྱོང་། འགྲེམས་སྟོན་བེད་སྤྱོད་བཅས་ཁག་བཞི་ཚུད་ཡོད་པ་རེད།

    ད་བར་ཕོ་བྲང་པོ་ཏ་ལ་ནི་སྔར་བཞིན་བོད་ཀྱི་རིག་གནས་བསམ་གྱིས་མི་ཁྱབ་པ་འདུས་པའི་རྟེན་མཛོད་ཁང་ཞིག་རེད།

    བཀྲ་ཤིས་ཕུན་ཚོགས།

    “ང་ཚོ་ནི་ཕོ་བྲང་པོ་ཏ་ལའི‘བདེ་སྲུང་སྨན་པ’ཡིན”

    གནའ་བོའི་སྐྲུན་དངོས་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་2003ལོར་ཉམས་གསོ་ཁོའོ་དངོས་སུ་བཙུགས། བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་པ་ལྟར་ན། “ཆེད་ལས་མི་སྣས་ཕོ་བྲང་པོ་ཏ་ལར་ཉིན་རེའི་ཉམས་གསོ་དང་ལོ་རེའི་ཉམས་གསོ་བྱེད་བཞིན་ཡོད་ལ། ལོ་གཅིག་ཞག་མ་365ཚང་མར་སྲུང་སྐྱོང་དང་བདག་སྐྱོང་བྱེད་བཞིན་ཡོད། དེར་བརྟེན་ཕོ་བྲང་པོ་ཏ་ལར་ཉམས་གསོ་ཐེངས་དང་པོ་དང་གཉིས་པ་བྱས་རྗེས་སླར་ཡང་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱེད་དགོས་བྱུང་མེད། དེ་ནི་ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད”

    2010ལོར་བཀྲ་ཤིས་ཕུན་ཚོགས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་རུ་ལས་སྒྱུར་བྱས་པ་ནས་ད་བར་ལས་ཀ་དེར་རིམ་བཞིན་དགའ་ཞེན་དང་འགན་འཁྲི་འཁུར་སེམས་ཤིག་ཡོད་པ་ནི“ང་ཚོ་ཕོ་བྲང་པོ་ཏ་ལའི‘བདེ་སྲུང་སྨན་པ’ཡིན”ཞེས་པ་དེ་རེད།

    ཕོ་བྲང་པོ་ཏ་ལ་དམར་པོ་རིའི་སྟེང་དུ་ཆགས་པ་དང་། ཁྱོན་ཁང་མིག་ཆིག་སྟོང་ལྷག་ཙམ་ཡོད་པར་རྒྱུན་གཏན་ནས་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། བཀྲ་ཤིས་ཕུན་ཚོགས་ཀྱིས“ཉམས་གསོ་ཁོའོ་ཡི་བཟོ་བོ་60ལྷག་ཙམ་ལ་ངེས་པར་དུ་བོད་བཟོའི་གནའ་བོའི་སྐྲུན་དངོས་ཉམས་གསོའི་ལག་རྩལ་དང་ཉམས་མྱོང་དགོས་པ་དང་། ཉིན་ལྟར་ཕོ་བྲང་པོ་ཏ་ལའི་ཕྱོགས་གང་སར་ཞིབ་བཤེར་ཞིབ་ཕྲ་བྱེད་དགོས་པ་མ་ཟད། འགྱུར་ལྡོག་ཕྲན་བུ་བྱུང་ནའང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། ད་ཆ་གནའ་སྐྲུན་ཉམས་གསོའི་ལས་དོན་ལ་རྒྱུ་ཆ་དཀོན་པ་དང་ལག་རྩལ་རྒྱུན་འཛིན་བྱེད་དཀའ་བ་སོགས་འགྲན་སློང་མང་པོ་འཕྲད་བཞིན་པས། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་དོ་དམ་ཟུང་འབྲེལ་བྱེད་ཐབས་ལ་བརྟེན་ནས་སྲུང་སྐྱོང་དང་ཉམས་གསོ་བྱེད་དགོས་ཀྱི་ཡོད། དེར་བརྟེན་དུས་རབས་གསར་པའི་རིག་དངོས་སྲུང་སྐྱོང་གི་དགོས་མཁོ་དང་བསྟུན་ཆེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཀྱང་བོད་བཟོའི་གནའ་སྐྲུན་ལ་ཚན་རྩལ་གྱི་སྲུང་སྐྱོང་ཞིབ་འཇུག་བྱས་ཏེ། རྒྱུ་ཆ་དང་བཟོ་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཚོད་ལྟ་བྱས་ནས་བོད་ཀྱི་སྲོལ་རྒྱུན་གྱི་གནའ་སྐྲུན་ཚན་རིག་དང་མཐུན་པའི་སྲུང་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད”ཅེས་བཤད།

    ཉི་མ་ཚེ་རིང་།

    “ཉམས་གསོ་བྱེད་ཐེངས་གཉིས་ཀར་ཞུགས་ཐུབ་པ་ནི་ངའི་གཟི་བརྗིད་ཆེ་ཤོས་ཡིན”

    ཉི་མ་ཚེ་རིང་གི་གཞུང་ལས་ཁང་དུ་ཕོ་བྲང་པོ་ཏ་ལ་དང་འབྲེལ་བའི་ལས་དོན་སྐོར་གླེང་སྐབས། ཁོང་ལ་གང་ས་ཅི་ཐད་ནས་དེའི་སྐོར་གསལ་གསལ་ཐིང་ཐིང་ཤོད་རྒྱུ་ཡོད། ཁོང་གིས“དེ་གོང་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་རུ་ལོ་20ལྷག་ཙམ་ལས་ཀ་བྱས་པ་ཡིན། ཉམས་གསོ་བྱེད་ཐེངས་གཉིས་ཀར་ཞུགས་ཐུབ་པ་ནི་ངའི་གཟི་བརྗིད་ཆེ་ཤོས་ཡིན”ཞེས་བཤད།

    ཕོ་བྲང་པོ་ཏ་ལ་ནི་གངས་ལྗོངས་ས་མཐོའི་མཚོན་རྟགས་ཡིན་པའི་སྐྲུན་དངོས་གལ་ཆེ་ཤོས་དེ་རེད། བསྐྲུན་ནས་ལོ་མང་སོང་བ་མ་ཟད། དུས་སྐབས་མི་འདྲ་བར་རྒྱ་སྐྱེད་བྱས་པས་གོང་འོག་གི་སྐྲུན་དངོས་ལ་གས་ཆག་བྱུང་བ་དང་། ཉི་མས་གཙེས་པ་དང་དྲོད་ཚད་ཧེ་བག་ཆེ་བ་སོགས་རང་བྱུང་གི་རྒྱུ་རྐྱེན་དབང་གིས་སྐྲུན་དངོས་ལ་སྐྱོན་ཆག་ཤོར་ཡོད། ཉི་མ་ཚེ་རིང་གིས“ངས་ལོ་མང་རིང་ཕོ་བྲང་པོ་ཏ་ལར་ལས་ཀ་བྱས་པས་དེའི་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད། ཤིང་ཆ་མང་པོ་རུལ་བའམ་འབུ་བརྒྱབ་པ་དང་། རྩིག་པ་མི་ཉུང་བ་ཞིག་ལ་སེར་ཁ་ཤོར་བ། ལྡེབས་རིས་ལ་སྐྱོན་ཆག་ཆེན་པོ་ཕོག་ཡོད”ཅེས་བཤད།

    “ཏང་དང་རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལའི་བདེ་འཇགས་སྐོར་ལ་ཧ་ཅང་མཐོང་ཆེན་གནང་གི་ཡོད། 1988ལོའི་ཟླ་10ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕོ་བྲང་པོ་ཏ་ལའི་དུས་ཐེངས་དང་པོའི་ཉམས་གསོའི་ལས་གྲྭར་ཆོག་མཆན་སྤྲད་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་ཁ་གསབ་སྒོར་ཁྲི་3500སྤྲོད་རྒྱུ་ཁ་གསལ་བཏོན་ཡོད”ཅེས་ཉི་མ་ཚེ་རིང་གིས་དུས་ཡུན་ངེས་ཅན་ཞིག་རིང་ཉམས་གསོ་བྱས་པ་བརྒྱུད་སྐབས་དེར་རྩད་མ་ཆོད་པའི་ཉེན་ཁ་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད། དེར་བརྟེན། དངོས་སུ་ཉམས་གསོ་བྱེད་དགོས་པའི་ལས་འབོར་ཇེ་མང་དུ་ཕྱིན་པས་རྒྱལ་ཁབ་ཀྱིས་སླར་ཡང་སྒོར་ཁྲི་1800ཁ་སྣོན་གནང་བྱུང་ཞེས་ངོ་སྤྲོད་བྱས། “ལོ་རབས་དེར་དངུལ་གྱི་ཕོན་འབོར་དེ་ནི་ཧ་ཅང་ཆེན་པོ་ཞིག་རེད། ལྷག་པར་དུ་རིག་དངོས་རྐྱང་པ་ཞིག་གི་སྲུང་སྐྱོབ་ཐད་མ་དངུལ་དེ་ལྟ་བུ་ཞིག་བཏང་བ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།