དབུ་ཤོག
  • བོད་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡོན་ཆོན། ཝང་ཅིང་ཐའོ།   |     སྤེལ་དུས།  2025-08-23

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས།

    2013ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད”ཅེས་ནན་བཤད་གནང་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དོན་འཁྱོལ་བྱུང་བའི་བར་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་བདག་པོར་གྱུར་པ་ནས་མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་370ཡིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པའི་བར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་ལོ་ངོ་60ཡི་རིང་དང་། ལྷག་པར་དུ། དུས་རབས་གསར་པ་ཤར་ཚུན་དུ། བོད་ཀྱིས་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཉིད་ལས་འགན་ཨང་དང་པོར་བརྩིས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་དུ་རྒྱུན་འཁྱོངས་ཐུབ་པར་བྱས་ནས་བོད་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་བརྩམས་ཡོད།

    “གཞི་རིམ་བཅོས་སྐྱོང་ཡག་པོ་བྱུང་བའི”གསོན་ཉམས་དོད་པའི་ལག་ལེན་གང་སར་མཐོང་རྒྱུ་ཡོད་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་ལོ་ངོ་60ཡི་རིང་། གཞི་རིམ་བཅོས་སྐྱོང་གི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་གཞི་རིམ་བཅོས་སྐྱོང་བྱེད་སྟངས་དང་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་པས། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད།

    “གཡུ་ཐོག་སྤྱི་གླིང་ཉེ་འཁོར་གྱི་འཁོར་ཁྲིད་སྒར་སར་གྱོན་གོས་སྐམ་ས་དཀོན་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་སྡོང་དཀོན་པོ་འདུག”ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་དེ“འབྱོར་ཐོ་གཉིས་འགོད་པའི”ལམ་སྲོལ་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉང་ཆུ་སྡེ་ཁུལ་གྱིས་གོང་རིམ་ལ་སྙན་སེང་ཞུས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྲོང་སྲིད་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་འབྲེལ་མཐུད་བྱས་པར་གཟའ་འཁོར་གཅིག་ཀྱང་མ་སོང་བར་ཐག་གཅོད་ཀྱི་ཇུས་གཞི་བཏོན་ཡོད། “མིག་སྔར་འོས་དཔོད་ལས་དོན་ལེགས་གྲུབ་ཟིན་པ་དང་སྒར་ས་ལེགས་གཏོང་གི་ཨར་སྐྲུན་བྱེད་བཞིན་ཡོད”ཅེས་ཉང་ཆུ་སྡེ་ཁུལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཉིང་གིས་བཤད།

    ཁུ་ནུ་རི་བོའི་ལྷོ་འདབས་སུ་མངའ་རིས་ས་ཁུལ་གྱི“གཉིས་ལྡན་དུད་སྦྲེལ”ལམ་ལུགས་ལས་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གང་ལེགས་འཕེལ་བ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཀླུ་སྒུག་སྡེ་ཁུལ་གྱིས“དམངས་གཙོའི་དོན་གྲོས་ཁང”གསར་འཛུགས་བྱས་ནས་དུས་བཀག་ལྟར་གྲོང་མིའི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་གྱི་སྤྱི་པའི་ལས་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ“ཤེས་དཔལ་ལག་ལེན་དངུལ་ཁང”གི་སྐར་གསོག་བརྗེ་རེས་ལམ་སྲོལ་ལས་མང་ཚོགས་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་རང་འགུལ་རང་བཞིན་ཆེ་རུ་ཕྱིན་པ་དང་། རྫོང་ཡོངས་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ལས་ཕྱོད་98%བར་མཐོ་རུ་ཕྱིན་པ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ“རྟ་ཐོག་གི་འདུམ་འགྲིག་པས”རྟ་རྒྱུག་དུས་ཆེན་རིང་རྩོད་གཞི་ཁག་30ཙམ་འདུམ་འགྲིག་བྱས་པ་རེད།

    ད་ཆ། “གཞི་རིམ་བཅོས་སྐྱོང་ཡག་པོ་བྱུང་བའི”གསོན་ཉམས་དོད་པའི་ལག་ལེན་གང་སར་མཐོང་རྒྱུ་ཡོད་པ་དང་། གངས་ལྗོངས་ས་མཐོས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།

    དམངས་གཙོ་ཁྲིམས་སྐྱོང་གི་ཉི་འོད་ཀྱིས་ཕྱོགས་གང་སར་དྲོ་སྐྱིད་སྦྱིན་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་རབ་ཏུ་འཚེར་བའི་ཉི་འོད་བོད་ཁང་གྲུ་བཞིའི་སྒེའུ་ཁུང་བརྒྱུད་ཚོས་གཞི་ལོག་པའི་འཐུས་མིའི་ལག་ཁྱེར་ཞིག་གི་སྟེང་དུ་འཕྲོས། རྒན་མོ་ཚེ་རིང་ལྷ་མོས“འདི་ནི་ང་རང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོར་ཞུགས་སྐབས་ཀྱི་འཐུས་མིའི་ལག་ཁྱེར་རེད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    ཚེ་རིང་ལྷ་མོ་བ་ཚང་གོག་ཧྲུལ་ཞིག་ཏུ་སྐྱེས་པ་དང་། ལོ་6ནས་བཟུང་མངའ་བདག་ཁྱིམ་གྱི་ནང་གཟན་ལ་གྱུར། ལོ་12ལ་སླེབས་སྐབས་མངའ་བདག་གིས་གཞན་ལ་བཙོངས་པས་དེ་ནས་བཟུང་ཕ་མ་དང་མཉམ་དུ་སྡོད་སྐལ་བྱུང་མེད།

    1965ལོའི་ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པ་རེད། ཚོགས་ཆེན་གྱི་འཐུས་མི་301ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་242ཡོད་པ་དེས་འཐུས་མིའི་བསྡོམས་འབོར་གྱི་80%ཡན་ཟིན་ཡོད། དེའི་ནང་གི་ཕལ་ཆེ་བ་ནི་ཡར་ལངས་ཞིང་བྲན་ཤ་སྟག་ཡིན་ཞིང་། ཁོ་ཚོ“བྲན་བཀོལ་ལག་ཆ”ནས“རང་ཉིད་ཀྱི་ལས་དབང་གི་བདག་པོར”གྱུར་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་རིང་ལྷ་མོ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཏེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་འཕེལ་རྒྱས་བཏང་སྟེ། “ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེར”གྱུར་ཡོད། ཁོང་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་དྲུག་པའི་འཐུས་མིར་བདམས་ཐོན་བྱུང་ལ། 1979ལོ་ནས་1984ལོའི་བར་ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་ཡང་ཁུར་ཡོད།

    ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོད་མི་སྲིད། ལོ་ངོ་60ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་དང་འདུན་པ་དེ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ངོ་མར་བསྒྱུར་ནས་དམངས་གཙོ་ཁྲིམས་སྐྱོང་གི་དྲོད་འཇམ་ཉི་འོད་ས་མཐོའི་གང་སར་འཕྲོས་ཡོད།

    སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ།

    བར་སྐོར་གྱི་ཉེ་འཁོར་དུ། མི་རིགས་མི་འདྲ་བའི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བའི་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་པོ་100ལྷག་ཙམ་ཡོད།

    བར་སྐོར་ཁྲོམ་གཞུང་སྐྱིད་རས་སྲང་ལམ་དང་པོའི་སྒོ་རྟགས་བཅུ་གཅིག་པར་དམག་ཁང་སྒོ་ར་ཆེན་པོ་གནས་པ་དང་། དེར་དུད་ཚང་60ལྷག་ཙམ་གྱི་མི་རིགས་མི་འདྲ་བའི་མང་ཚོགས་100ལྷག་ཙམ་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་གྲགས་པའི་ཁྱིམ་གྱི་ནང་མི་རྣམས་སྒོ་ར་ཆེན་པོ་དེར་འཚོ་བ་བསྐྱལ་ནས་ལོ་30ལྷག་ཙམ་འགྲོ་གི་ཡོད། གྲགས་པས“གྲོང་པ་ཕན་ཚུན་གཅེན་གཅུང་ལྟར་འཆམ་པོ་ཡོད། ལོ་གསར་འཆར་རིམ་བཞིན་གྲོང་པ་ཁྱིམ་མཚེས་ཕན་ཚུན་ཕྱེ་མར་རྒྱུག་རེས་བྱེད་ཀྱི་ཡོད”ཅེས་བརྗོད།

    བར་སྐོར་དུ་སྐྱོད་སྐབས། ལྷ་ལྡན་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཚོང་ཁང་དང་ཡུལ་སྐོར་བས་ཁེངས་ཤིང་། མི་རིགས་མི་འདྲ་བའི་མང་ཚོགས་ཀྱིས་མཉམ་ལས་བྱས་ནས་གཉེར་བའི་ཚོང་ཁང་ཁོ་ན་བརྒྱ་ལྷག་ཙམ་ཟིན་གྱི་ཡོད།

    ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་འདི་ནི་མི་རིགས་ཁག་གིས་མཉམ་དུ་བསྐྲུན་པ་ཞིག་ཡིན་པ་དང་། དེང་གི་བོད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཡང་མི་རིགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད།

    ལོ་རེའི་ཟླ་བ་དགུ་པ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ཤིང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་ཁང་དུ་སྤེལ་བ་སོགས་ལས། ད་ཆ་བོད་ཀྱི་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།