རི་ཁུག་ནས“བདེ་སྐྱིད་ཤང”བར་གྱི་འགྱུར་ལྡོག
བོད་ཀྱི་མི་རིགས་ཤང་གིས་བློ་སེམས་གཅིག་མཐུན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་བཏོད་པ།
1986ལོར། བོད་དུ་མི་རིགས་ཤང་བཙུགས་པའི་གཏམ་བཟང་དེ་དཔྱིད་རླུང་དྲོན་མོ་བཞིན་གངས་ལྗོངས་ས་མཐོར་ལྡང་བ་དང་། སྒོ་བན་རེ་རེ་བཞིན་འགེལ་བ་ལས་མི་རིགས་ས་ཁོངས་རང་སྐྱོང་གི་ལེའུ་གསར་པ་རྩོམ་འགོ་ཚུགས།
ཉེ་བའི་ལོ་40ཡི་རྗེས་ཀྱི་དེ་རིང་ལྗོངས་ཡོངས་སུ་མི་རིགས་ཤང་9བཙུགས་ཡོད།
བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན་པ།
1988ལོའི་ཟླ་6པའི་ཕྱི་དྲོ་ཞིག་ལ། ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གནས་ཡུལ་རོང་འགྲམ་གྱི་གྲོང་ཚོ་ནས་ཐལ་མོའི་རྡེབ་སྒྲ་གྲགས། ཡུལ་མི་ཚོ་མཉམ་དུ་འདུས་ཏེ་་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་འདེམས་བསྐོའི་གྲ་སྒྲིག་བྱེད་བཞིན་ཡོད། དེ་རྗེས་ཡུལ་མི་ཚོས་བརྡས་ཐག་བཅད་པ་བརྒྱུད་ལོ་28ལ་སླེབས་པའི་ཟླ་དཀར་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་དང་པོར་བདམས།
ལྷོ་པ་བ་རྣམས་གཙོ་བོ་བོད་ཀྱི་སྨན་གླིང་དང་། མེ་ཏོག རྫ་ཡུལ་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། 1965ལོར། སྐུལ་སློང་ཐེངས་མང་བྱས་པ་བརྒྱུད། གནས་ཡུལ་རོང་གི་ནགས་ཁྲོད་ཀྱི་ལྷོ་པ་རིགས་ཀྱི་མང་ཚོགས་ཚང་མ་རི་མཐོ་ནས་ཆ་རྐྱེན་ཅུང་ལེགས་པའི་ས་ཁུལ་དུ་སྤོས་པ་མ་ཟད། གནས་ཡུལ་དང་། ཁྱུང་གླིང་། ཚལ་ཁྲོབ་བཅས་གྲོང་ཚོ་གསུམ་ཟླ་སྒྲིལ་བཏང་ནས་གནས་ཡུལ་མི་དམངས་ཀུང་ཧྲེ་བཙུགས། དེ་ནས་བཟུང་ལྷོ་པ་རིགས་ཀྱི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་རྒྱུ་བྱུང་ཡོད།
གནས་ཡུལ་ལྷོ་པ་མི་རིགས་ཤང་དངོས་སུ་བཙུགས་པ་དང་ཆབས་ཅིག ཤང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཤང་ཀྲང་དང་པོ་ཟླ་དཀར་གྱིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་ཧ་ཅང་ལྕི་ལ་གཟི་བརྗིད་ཆེ་བ་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཤང་ཀྲང་གི་འགན་འཁུར་རྗེས། ཟླ་དཀར་དང་གྲོང་ཚོའི་ལས་བྱེད་པ་ཡོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་བ་བཅས་བྱས་ཡོད། ཁོང་ཚོས་ཡུལ་མིའི་སྣེ་ཁྲིད་དེ་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དེ་བསྲེགས་རྨོད་གྲིས་འདེབས་ནས་དེང་རབས་ཤེས་དཔལ་བར་གྱི“ལོ་ངོ་སྟོང་གི་མཆོང་སྐྱོད”རིམ་བཞིན་མངོན་འགྱུར་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། གནས་ཡུལ་རོང་གི་ཐུན་མོང་མ་ཡིན་པའི་གདོད་མའི་ནགས་ཚལ་གྱི་མཛེས་ལྗོངས་དང་ལྷོ་པ་རིགས་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ལ་བརྟེན་ནས། གནས་ཡུལ་ལྷོ་པ་མི་རིགས་ཤང་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད། ལྷོ་པའི་གྱོན་ཆས་རྒྱུན་འཛིན་པ་ཟླ་བས་གསར་འགོད་པར། ཡུལ་མིས་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་སྨྱུག་བསླས་དང་། རས་འཐག ལྷོ་པའི་གྲི་རྩེད་སོགས་ལྷོ་པའི་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་དུས་མཚུངས། ལྷོ་པའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཡང་སྐུལ་འདེད་བཏང་ཡོད་ཅེས་བཤད།
སྡོད་མལ་ལ་འཚམ་པའི་རྣམ་པ་གསར་པ་བཏོད་པ།
“བོད་གསར་པར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་བདག་པོར་གྱུར་ཞིང་། ངའི་ཕ་མ་གཉིས་ཀྱིས་ཀྱང་འཚོ་བ་གསར་པ་བསུས་ཡོད”ད་ལོ་54ལ་སླེབས་པའི་མཚོ་སྣ་གྲོང་ཁྱེར་མོན་པ་རིགས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཕུར་པ་ནི་མོན་པ་རིགས་འདུས་སྡོད་ཁུལ་གྱི་ལེགས་པོ་རོང་དུ་སྐྱེས་པ་དང་། བྱིས་པའི་དུས་སུ་ཕུར་པ་མཐའ་མཚམས་ཀྱི་རི་ཁུག་ཏུ་འཚོ་བ་བསྐྱལ་ཡང་། དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ་དེ་ཁོང་གི་བྱིས་དུས་ཀྱི་བརྗེད་དཀའ་བའི་བག་ཆགས་ཤིག་ཏུ་གྱུར་ཡོད། མི་རབས་ནས་མི་རབས་བར་བྲན་གཡོག་རྒྱུག་པ་དང་བཤུ་གཞོག་ཕོག་པའི་གནས་བབ་ལས་ཐར་ནས་རང་ཁྱིམ་རང་བདག་བྱུང་བའི་མོན་པ་རིགས་ཀྱི་མང་ཚོགས་ཀྱིས་ལས་ཀ་གང་ཞིག་བྱས་ཀྱང་ཕོ་མོ་རྒན་གཞོན་ཚང་མར་ཧུར་སེམས་ཆེན་པོ་ལྡན་པས། ཕ་ཡུལ་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་ཀྱི་དཔལ་འབར།
1984ལོ་ནས་བཟུང་མག་མག་ཤང་དང་། སླད་ཤང་། སྐྱིད་པ་ཤང་། ཀོང་རི་ཤང་བཅས་མོན་པ་མི་རིགས་ཤང་བཙུགས་པ་དང་ཕུར་པ་ལས་རོགས་ཀྱི་ངོས་ནས་མོན་པ་མི་རིགས་ཤང་མི་དམངས་སྲིད་གཞུང་གི་ལས་དོན་ནང་ཞུགས་ཡོད།
ཕུར་པས“མོན་པ་མི་རིགས་ཤང་བཙུགས་པ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་འདྲ་བར་མོན་པ་བའི་འཚོ་བ་གསར་པའི་འགོ་བརྩམས་ཡོད། དེ་སྔོན་ཁྱིམ་དུ་གཞུང་ལས་སྒྲུབ་པའི་ཤང་གི་ལས་བྱེད་པར་གཞུང་ལས་བྱ་ཡུལ་དང་སྡོད་ཁང་ཚད་ལྡན་བྱུང་བ་མ་ཟད། རྒྱལ་ཁབ་ཀྱིས་མོན་པ་རིགས་ཀྱི་མང་ཚོགས་ལ་ཁང་པ་གསར་པ་རྒྱག་པའི་ཆེད་དངུལ་ཡང་སྤྲད་པས། དེ་གོང་ལོ་གཉིས་རེར་ཉམས་བཟོ་ཆེན་པོ་ཐེངས་གཅིག་རེ་བྱེད་དགོས་པའི་ཁང་པ་རྙིང་པ་དག་རྦད་དེ་ལོ་རྒྱུས་སུ་གྱུར་ཡོད། ཁང་པ་གསར་པར་སྤོས་པའི་མོན་པ་རིགས་ཀྱི་མང་ཚོགས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད”ཅེས་བཤད།
མོན་པ་མི་རིགས་ཤང་བཙུགས་པ་གོ་སྐབས་སུ་བྱས་ཏེ། ཤང་4ལ་སྔ་རྗེས་སུ་ཆུ་ཤུགས་གློག་ཁང་ཆུང་གྲས་བསྐྲུན་པ་དང་། དེའི་ཁྲོད་ཀྱི་གློག་ཤུགས་ཆེ་ཤོས་ནི་ཆན་ཝ་50རེད།
ཕུར་པས་དཔེ་དྲངས་ནས་བརྗོད་དོན། 1984ལོར་མི་རིགས་ཤང་4བཙུགས་རྗེས་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཟམ་པ་དང་གཞུང་ལམ་བསྐྲུན་པས། མོན་ཡུལ་དུ་ཤང་ནས་གྲོང་ཚོའི་བར་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་རིམ་བཞིན་མངོན་འགྱུར་བྱུང་ཡོད། ཤང་དུ་གཞུང་བཙུགས་སློབ་ཆུང་དང་ཡིག་རྨོངས་སེལ་བའི་མཚན་མོའི་སློབ་གྲྭ་བཙུགས་པ་དང་། ལྷ་ས་སློབ་འབྲིང་དུ་མོན་པ་རིགས་ཀྱི་འཛིན་གྲྭ་བཙུགས་པ། ཤང་གི་མོན་པ་རིགས་ཀྱི་འཚོ་བའི་དགེ་རྒན་ལྷ་ས་སློབ་འབྲིང་དུ་མཉམ་ཞུགས་ཞབས་འདེགས་ཞུ་བར་བཏང་བས། མོན་པ་རིགས་ཀྱི་སློབ་མ་འབོར་ཆེན་ཞིག་རི་ཁུག་ནས་ཕྱིར་སློབ་སྦྱོང་བྱེད་པར་སྐྱོད་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། མང་ཚོགས་ཀྱིས་ཕག་པ་དང་བྱ་དེ་གསོ་བ་དང་སྔོ་ཚལ་འདེབས་འཛུགས་བྱེད་པར་རྒྱབ་སྐྱོར་བྱས་པ་མ་ཟད། རོགས་དངུལ་ཡང་སྤྲད་པར་བརྟེན། ལེགས་པོ་རོང་འདི་ཉིད་འབྲུ་རིགས་རང་མཁོ་རང་གསོ་ཐུབ་པ་མ་ཟད། ད་དུང་ལྷག་མའང་མང་པོ་ཡོད་པ་རེད།
“ད་ཆ་མོན་པ་རིགས་མང་ཚོགས་ཀྱི་འཚོ་བ་རི་སྟེང་གི་སྟག་མ་མེ་ཏོག་བཞིན་བཀྲག་མདངས་རྒྱས་པ་སྟེ། མཐའ་དར་དམངས་ཕྱུག་གི་སྲིད་ཇུས་ཇེ་བཟང་དུ་འགྲོ་བ་དང་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཕུར་པས་མྱོང་ཚོར་ཟབ་མོས་བཤད།
བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་པ།
2000ལོའི་ཟླ་4ཚེས་9ཉིན། བལ་ལུང་མོན་པ་མི་རིགས་ཤང་ལ་ལྡིར་སྒྲ་ཆེན་པོ་ཞིག་གྲགས་ནས་གནས་འདིའི་དབེན་འཇམ་ཁུ་སིམ་ཡོངས་སུ་དཀྲོགས། སྤོ་བོ་རྫོང་ཡིད་འོང་ཤང་དུ་གཞི་ཁྱོན་ཆེ་བའི་རི་ཉིལ་བ་དང་། གློ་བུར་དུ་བྱུང་བའི་ཆུ་རུད་ནང་རྡོ་ཆེན་པོ་དང་བྱེ་མས་ཁེངས་ནས་ཡིད་འོང་གཙང་པོ་འགག་སྟེ་འཁྱིལ་མཚོ་ཞིག་ཆགས། ཉིན་63གྱི་རྗེས་སུ་འཁྱིལ་མཚོ་དེ་རྒྱས་ནས་གློ་བུར་དུ་ཤང་གི་ས་ཞིང་དང་། རྩྭ་ར། འགྲོ་ལམ། ཟམ་པ་སོགས་ཁྱེར་ཏེ། ས་གནས་དེ་གའི་ཡུལ་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས།
ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་འཁོད་པ་ལྟར་ན། བལ་ལུང་འདི་ཉིད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཤར་རྒྱུད་དང་། སྤོ་བོ་རྫོང་དང་མེ་ཏོག་རྫོང་གི་འབྲེལ་མཚམས་སུ་གནས་པས་བྲག་ཡིབ་ཆུས་ཀྱི་མོན་པ་རིགས་འདུས་སྡོད་ཁུལ་གྱི་ཤང་འབའ་ཞིག་དེ་ཡིན། དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད། ཆུས་གཏོར་ཤང་འཛུགས་བཅས་བྱས་རྗེས། 1988ལོའི་ཟླ་5པར་བལ་ལུང་མོན་པ་མི་རིགས་ཤང་བཙུགས་པ་རེད།
ད་ལོ་ལོ་46ལ་སླེབས་པའི་མཆོག་ཚེ་རིང་གིས“བལ་ལུང་མོན་པ་མི་རིགས་ཤང་བཙུགས་རྗེས། ཚང་མས་ཤང་སྲིད་གཞུང་གི་སྒྲིག་འཛུགས་འོག་ཞེང་ཚད་སྨི་1.5ཡོད་པའི་རྟ་དྲེལ་ལམ་ཞིག་བསྐྲུན་ནས་ང་ཚོར་དངོས་ཟོག་དབོར་འདྲེན་དང་འབབ་འཕར་ཐད་སྟབས་བདེ་ཡོང་བར་བྱས་མོད། འོན་ཀྱང་རི་ཉིལ་ནས་ལམ་དེ་ཆད་ནས་ཤང་གི་འགྲིམ་འགྲུལ་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད”ཅེས་བཤད།
ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་བྱས་ནས་མོན་པ་རིགས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། སྐབས་དེར་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བལ་ལུང་མོན་པ་མི་རིགས་ཤང་ཧྲིལ་པོ་སྤོ་རྒྱུའི་ཐག་བཅད།
བལ་ལུང་མོན་པ་མི་རིགས་ཤང་ཧྲིལ་པོ་སྐབས་དེའི་ཉིང་ཁྲི་རྫོང་བྲག་ཡིབ་གྲོང་རྡལ་དགུང་ཚང་གྲོང་ཚོའི་ཉེ་འགྲམ་དུ་སྤོས་པ་དང་། དེ་སྔའི་བལ་ལུང་ཤང་ཁོངས་གཏོགས་ཀྱི་མོན་གྲོང་དང་། བཀྲ་ཆོས། བྲག་ཡུལ། ཐང་སྟོང་། པད་མ་སྟེང་སོགས་གྲོང་ཚོ་9པད་མ་སྟེང་དང་། བཀྲ་ཆོས། མོན་གྲོང་བཅས་གྲོང་ཚོ་གསུམ་དུ་ཟླ་སྒྲིལ་བཏང་སྟེ་2003ལོར་དགུང་ཚང་མོན་པ་མི་རིགས་ཤང་དུ་དངོས་སུ་མིང་བསྒྱུར། དེ་རྗེས་ཀྱི་ལོ་འགའི་རིང་། པད་མ་སྟེང་དང་། བཀྲ་ཆོས། མོན་གྲོང་བཅས་གྲོང་ཚོ་གསུམ་སླར་ཡང་གནས་སྤོ་ཐེངས་གསུམ་བྱས་པའི་ནང་བཀྲ་ཆོས་གྲོང་ཚོ་རྡོ་ཕུག་མཚོའི་ལྷོ་རྒྱུད་ཀྱི་མཚོ་ངོགས་སུ་གཞིས་ཆགས་པ་དང་། པད་མ་སྟེང་གྲོང་ཚོ་ཤང་སྲིད་གཞུང་གནས་ཡུལ་དུ་སྤོས་པ། 2018ལོར་མོན་གྲོང་གྲོང་ཚོའི་མང་ཚོགས་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་རྗེས་ལོ་བཅུ་ལྷག་ཙམ་རིང་གི་གནས་སྤོ་གཞི་ནས་མཇུག་འགྲིལ་བ་རེད། ད་ཐེངས་གྲོང་ཚོ་ཧྲིལ་པོ་གནས་སྤོས་པ་ལས་འགྲིམ་འགྲུལ་སྟབས་བདེ་རུ་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། མོན་པ་རིགས་ཀྱི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་སྒོ་མོ་ཞིག་ཕྱེ་ཡོད།
མོན་གྲོང་གྲོང་ཚོའི་ཡུལ་མི་ཚོའི་ངོས་ནས་བརྗོད་ན། གནས་སྤོས་བྱས་པ་ལས་ཁོང་ཚོ་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི“མྱུར་ལམ”གྱི་རྗེས་ཟིན་ཏེ་སྡོད་ཁང་གསར་པའི་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། 2019ལོ་ནས་བཟུང་མོན་གྲོང་གྲོང་ཚོས་མོན་པའི་མི་རིགས་ཀྱི་རིག་གནས་སྔོག་འདོན་དང་གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་གཏོད་རྒྱུ་འཕེལ་རྒྱས་ཀྱི་གཙོ་གནད་དུ་བྱས་ནས། མོན་གྲོང་གྲོང་ཚོ་འདི་ཉིད་མོན་པའི་མི་རིགས་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོར་གཏོད་རྒྱུར་གཞོལ་ཏེ་གྲོང་གསེབ་ཡུལ་སྐོར་དེ་མོན་གྲོང་གྲོང་ཚོའི་དཔལ་འབྱོར་གྱི་ཀ་རྟེན་དང་སྤུས་རྟགས་སུ་གྱུར་ཡོད།
གནས་ཡུལ་རོང་འགྲམ་གྱི་གནས་ཡུལ་ལྷོ་པ་མི་རིགས་ཤང་དང་གྲོང་ཚོ་ཧྲིལ་པོ་གནས་སྤོས་རྗེས་ཀྱི་དགུང་ཚང་མོན་པ་མི་རིགས་ཤང་ཡིན་ནའང་འདྲ། ཡང་ན་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པའི་མཚོ་སྣ་གྲོང་ཁྱེར་མོན་པ་མི་རིགས་ཤང་ཡིན་ནའང་འདྲ། ཚང་མ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ཐུན་མོང་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བློ་བཟང་ཆོས་འཕེལ་གྱིས། མིག་སྔར་རང་ལྗོངས་ཀྱིས་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་གསུམ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་ཁྱོན་མི་རིགས་ཤང་9བཙུགས་ཡོད། མིག་སྔའི་བར་ལྗོངས་ཡོངས་ནས་མཉམ་སྡེབ་154དང་མི་སྒེར་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་པ་དང་། གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་འཛུགས་གཏོད་བྱས་པ། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)དུ་འཛུགས་གཏོད་བྱས་པ། ཚན་པ་54རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་མིང་བཏགས་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།