དུས་བདེ་འཆམ་མཐུན་ལེའུ་གསར་རྩོམ། མཐའ་དར་དམངས་ཕྱུག་ཉམས་བཟང་མངོན།
དུས་བདེ་ནི་དམངས་ཀྱི་རེ་འདོད་དང་འཕེལ་རྒྱས་ཀྱི་རྨང་གཞི་རེད།
བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པས། མི་རིཌ་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་། མཐའ་མཚམས་སྲ་བརྟན། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། དེས་ན་མི་རིཌ་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་རེད།
2025ལོའི་ཟླ་བ་གསུམ་པར་བོད་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཞིང་། ད་ཐེངས་བཟོ་བཅོས་ནང་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི“ཕྱོགས་བརྒྱད”ཀྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཚུགས་གནས་དེ་བས་མཐོ་བ་དང་མིག་རྒྱང་དེ་བས་ཡངས་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ཞིབ་ཕྲའི་བྱ་ཐབས་སོགས་གཙོ་གནད་ནང་དོན་གཏན་འཁེལ་བྱས་ཡོད།
མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་རྫོང(ཆུས་དང་གྲོང་ཁྱེར)ལ་འཛུགས་གཏོད་བྱས་པ། ཚན་པ་54ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་མིང་བཏགས་པ། ལྗོངས་ཡོངས་ཀྱི་མཉམ་སྡེབ་154དང་མི་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་པ་བཅས་མི་རིགས་མཐུན་སྒྲིལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡོད།
2024ལོའི་ཟླ་བ་དགུ་པར་ཀ་ལ་གྲོང་ཚོ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ལ་བདམས་པ་དང་། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་པེ་ཅིང་དུ་ཚོགས་འདུར་ཞུགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་གཟེངས་བསྟོད་བྱང་བུ་གནང་བ་རེད། སྤེན་པས“གཟེངས་བསྟོད་འདི་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སྤོབས་པ་བྱ་ཡུལ་དུ་གྱུར་ཡོད། ང་ཚོས་མཚན་སྙན་ལ་སྔར་བས་གཅེས་སྤྲས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལ་བརྩེ་བ་ཟབ་མོས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
2017ལོའི་ཟླ་10ཚེས་28ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ཏེ་ཡུན་རིང་མ་སོང་བར་པེ་ཅིང་ནས་བསྐུར་བའི་འཕྲིན་ཡིག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ལ་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་ཚོ་ཆུང་ཆུང་དེར་སྐད་གྲགས་ཆེན་པོ་བྱུང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བསྲུངས་པའི་བྱ་སྤྱོད་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། བརྩེ་བ་ཟབ་མོའི་ངང“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ལའང་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བྱེད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་དུ་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་ཤུགས་ཆེ་རུ་མུ་མཐུད་བཏང་ཡོད།
མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ཞིང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་ཚོ་ཚང་མར་སྣུར་སྲིང་བྱས་པ་དང་། འཐབ་ཕྱོགས་དང་པོའི་ཤང་དང་གྲོང་རྡལ་དང་། སྲིད་འཛིན་གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ། དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་ཚང་མ་100%ཟིན་པ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་མུ་མཐུད་ཕྱིན་པ། མ་འཇོག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། མཐའ་མཚམས་ཚོང་དོན་ཟོག་འགྲེམས། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཐོན་ལས་འཕེལ་རྒྱས་བཏང་ནས་མཐའ་མཚམས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། མཐའ་མཚམས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་བ་དང་། ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་དམངས་བདེ་སྐྱིད་བཅས་ཡོང་བར་བྱས་པ། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། མཐའ་མཚམས་ས་ཁུལ་གྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མ་ཚད་ལྡན་ཅན་དུ་འཛུགས་སྐྲུན་ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ལས་བརྒལ་ཡོད།
ད་ཆའི་ཡུལ་སྨད་ཤང་དེ་སྔོན་ཆད་མི་ཧ་ཅང་མཐོང་དཀོན་པ་ནས་ད་ཆ་ཁྱིམ་ཚང་མང་པོའི་སྒོ་རྩར་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། དབུལ་ཕོངས་རྗེས་ལུས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། དུད་ཚང་60ལྷག་ཙམ་དང་ཡུལ་མི་300ཙམ་ཟིན་པ། ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པའི“འབྱོར་འབྲིང་ཤང”བར་འཕེལ་རྒྱས་ཕྱིན་ཡོད། ཤང་ཀྲང་རྙིང་པ་སངས་རྒྱས་ཆོས་པའི་དེ་སྔའི་མཐའ་མཚམས་སྲུང་བའི་སྙིང་སྟོབས་སྔ་ས་ནས་ཚ་མོ་དང་ཚ་བོ་པ་སངས་སྒྲོལ་དཀར་དང་། བསོད་ནམས་དོན་གྲུབ། དཔལ་ལྷ་བཅས་ལ་བརྒྱུད་སྤྲོད་ཐུབ་སྟེ། མི་རབས་གསར་པའི་ཡུལ་སྨད་བས་བརྟན་སྲུང་ལ་བརྟེན་ནས“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པའི”ཟོལ་མེད་བརྩེ་སེམས་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།