དབུ་ཤོག
  • བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གཏམ་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-22

    (2025ལོའི་ཟླ་8ཚེས་21ཉིན) 

    སྒྲོལ་མ་རིག་འཛིན།

    གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་དང་། དབུ་ཁྲིད་རྣམ་པ། ཡུལ་མི་སྤུན་ཟླ་རྣམ་པ།

    ང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་ཡིན། དེ་རིང་བརྗིད་ཉམས་ཆེ་བའི་ཚོགས་རའི་ནང་། ངས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་བཞིན། སེམས་ཁོངས་སུ་ཏང་གི་བཀའ་དྲིན་ལྷག་པར་ཚོར་བ་དང་སྦྲགས། སེམས་འགུལ་གྱི་རླབས་ཕྲེང་ལང་ལོང་དུ་འཕྱུར། ལོ་60ནི་རབ་བྱུང་གཅིག་སྟེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུས་ཡུན་ཐུང་ཐུང་ཞིག་ཡིན་མོད། དེའང་བོད་མི་དམངས་ཀྱི་ངོས་ནས་བཤད་ན། ཟིལ་རླབས་དགུང་དུ་འཕྱུར་ཞིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཡོང་བར་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་རེད།

    ངའི་ཚེ་སྲོག་གསར་པ་ནི་གུང་ཁྲན་ཏང་གིས་གནང་བ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་སྐྱེས་པའི་ལོ་ཡིན་པ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་སློབ་གྲྭར་བསྐྱོད་པའི་ལོ་ཡིན་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཀྱི་ལོ་གཉིས་པ་ནི་ང་རང་ལས་ཀར་ཞུགས་པའི་ལོ་བཅས་ཡིན་པས། མི་ཚེ་གང་པོར་ཐོན་པའི“ལོ་གཉིས་པ”མང་པོ་འདི་དག་ནི་གུང་ཁྲན་ཏང་གིས་ང་ལ་གནང་བའི“ཚེ་སྲོག་གཉིས་པ”ཡིན། དེས་ང་རང་ཐོག་མཐའ་བར་གསུམ་དུ་ཏང་གི་གཟི་འོད་འོག་ཏུ་བདེ་ཐང་ངང་འཚར་ལོངས་དང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད་ཁར། བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྒྲོལ་བ་དང་མི་དམངས་རྣམས་རང་ཁྱིམ་རང་བདག་གི་ཕྱོགས་སུ་བསྐྱོད་པའི་རླབས་ཆེའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཅི་འདྲ་བྱུང་མིན་དངོས་སུ་བརྒྱུད་མྱོང་ཡོད། ང་རང་གི་ལས་དབང་ལ་འགྱུར་ལྡོག་ཇི་ཙམ་བྱུང་བ་ལས་བོད་ལྗོངས་ལ་འགྱུར་ལྡོག་དེ་ཙམ་བྱུང་བ་མཚོན་ཡོད། ད་བར་ངའི་བློ་ངོར་རང་སྐྱོང་ལྗོངས་དབུ་བརྙེས་པའི་གཏམ་བཟང་འདི་བྱ་ལ་གཤོག་པ་ཐོགས་པ་ཇི་བཞིན་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་དེ་མ་ཐག་ཏུ་ཁྱབ་པ་གསལ་ལྷམ་མེར་འཆར་བཞིན་འདུག རང་སྐྱོང་ལྗོངས་དབུ་བརྙེས་ནས་ཡུན་རིང་མ་སོང་བར་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག ང་རང་གི་བསམ་འདུན་ལྟར་སྙན་སྒྲོན་པ་ཞིག་བྱ་རྒྱུའི་བསྐལ་བ་བཟང་པོ་ཐོབ་བྱུང་། དུས་དེ་ནས་བཟུང་། ངས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཏང་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྒྲོག་སྤེལ་བྱས་ཏེ“གུང་ཁྲན་ཏང་ཕེབས་ནས་སྐྱིད་པའི་ཉི་མ་ཤར་བའི”གཏམ་རྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་བྱས་པ་ཡིན། རླབས་ཆེའི་འཕོ་འགྱུར་ལ་ཕྱིར་མིག་ལྟ་སྐབས་ང་ཚོར་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་པ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་དེ་བས་ཀྱང་མེད་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་།

    སྐལ་བཟང་མེ་ཏོག་རབ་ཏུ་བཞད་པ་ནི་ས་མཐོའི་སྒེག་མོའི་འཛུམ་བཞད་ལྟ་བུ་དང་། གུང་ཁྲན་ཏང་གི་རླབས་ཆེའི་བཀའ་དྲིན་ནི་བདེ་ཞིང་སྐྱིད་པའི་འབྱུང་རྩ་ཉག་ཅིག་ཡིན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ང་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་། མོ་ཊ་ཡག་པོ་གཏོང་རྒྱུ་བྱུང་བ། ཡོང་འབབ་མང་པོ་བྱུང་བ་བཅས་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ལག་ཐོགས་ཁ་པར་ནས་མེས་རྒྱལ་གྱི་ལྟ་ན་སྡུག་པའི་རི་ཀླུང་དང་། འོད་སྟོང་འཕྲོ་བའི་རིག་གནས། གྲ་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་བཅས་ལ་ལྟ་ཐུབ་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་མི་སེམས་ལ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད། ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག བོད་ལྗོངས་ལ་འཕོ་འགྱུར་དེ་བས་ཆེན་པོ་བྱུང་ཞིང་། གྲོང་ཁྱེར་གྱི་འགྲོ་ལམ་དེ་བས་གུ་ཡངས་སུ་ཕྱིན་པ་དང་། ལམ་སྒྲོན་དེ་བས་གསལ་དུ་ཕྱིན་པ། ལྷོ་རི་བྱང་རི་དེ་བས་སྔོ་ལྗང་དུ་གྱུར་པ། བར་སྐོར་གནའ་གྲོང་དེ་བས་མཛེས་སུ་ཕྱིན་པ། གྲོང་ཁྱེར་འཛུགས་སྐྲུན་དེང་རབས་ཅན་དུ་གྱུར་པ། རྒན་རྒོན་རྣམས་སྤྲོ་གསེང་བྱ་ཡུལ་དེ་བས་མང་དུ་ཕྱིན་པ། ན་གཞོན་རྣམས་ཀྱིས་རང་འཁྲིའི་ལས་ལ་འབད་བརྩོན་བྱེད་པ། ཕྲུ་གུ་རྣམས་ཀྱང་ཏང་གི་བྱམས་བརྩེའི་ཐུགས་ཁུར་འོག་བདེ་ཐང་ངང་འཚར་ལོངས་བྱུང་བ་བཅས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ད་ལྟ་ངའི་བུ་དང་བུའི་མནའ་མ་གཉིས་ཀ་དགེ་རྒན་ཡིན་ལ། ཚ་བོ་ཡང་སློབ་ཆེན་འགྲིམ་བཞིན་ཡོད་པས། ངས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པ་ལྟར། ང་རང་ལོ་ན་རྒས་རུང་། ཏང་གི་བཀའ་དྲིན་འདི་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སྙིང་དབུས་སུ་བཅངས་པ་དང་ཁྲག་རྒྱུན་དུ་སིམ་ཡོད་པས་ཚེ་འདི་གང་པོར་ནམ་ཡང་བརྗེད་མི་སྲིད། མ་འོངས་པའི་ལོ་ཟླའི་ནང་། ང་ཚོས་སྔར་བས་བློ་རྩ་བརྟན་པོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། མིག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན།

    མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་དབུ་ཁྲིད་རྣམ་པ་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་ཐུགས་རྗེ་ཆེ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།