མངགས་བཅོལ་བློ་ལ་བརྟན་པོར་ངེས། གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད།
ཞི་ཅིན་ཕིང་གིས་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པ།
བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2015ལོའི་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་སློབ་མ་རྣམས་ལ།
ཁྱེད་ཚོ་སྐུ་ཁམས་བཟང་། ཁྱེད་ཚོས་བསྐུར་བའི་ཡི་གེ་འབྱོར་བྱུང་། ཁྱེད་ཚོ་སློབ་མ་17པེ་ཅིང་དུ་ནད་ཐོག་སྨན་བཅོས་ཀྱི་དངོས་སྦྱོང་བྱེད་རིང་ནད་ཐོག་སྨན་བཅོས་ཀྱི་རྨང་གཞིའི་ལག་རྩལ་ལ་སྦྱོང་བརྡར་ཐེབས་པ་མ་ཟད། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་བའི་དད་སེམས་ཀྱང་བརྟན་དུ་ཕྱིན་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་།
སྨན་པ་ནི་མི་དམངས་ཀྱི་བདེ་ཐང་སྲུང་མཁན་རེད། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་བྱེད་རིང་དམག་དཔུང་དང་ས་གནས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣས་མདུན་ཕྱོགས་སུ་གདོང་མཆོང་བྱས་པ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་གོས་དཀར་ལྷ་རྗེའི་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། ཁྱེད་ཚོས་ཁོང་ཚོ་མིག་དཔེར་བཟུང་སྟེ་ཏང་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་པའི་སྨན་པ་བཟང་པོ་ཞིག་ཧུར་ཐག་བྱེད་པའི་ཡིད་ཆེས་ཡོད། ཁྱེད་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ལག་རྩལ་བྱང་ཆུབ་པ་ཞིག་སྦྱངས་ཏེ། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བསྐྱོད་ནས་ལྷག་བསམ་དང་ལག་རྩལ་ལ་བརྟེན་ཏེ་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་རེ་བ་ཡོད།
བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ངས་ཁྱེད་ཚོ་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ།
ཞི་ཅིན་ཕིང་གིས།
2020ལོའི་ཟླ་2ཚེས་21ཉིན།
ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2023ལོའི་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་རེད་ལ། འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་ཡོང་བར་བྱེད་པའི་འགག་རྩ་རེད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་འབད་འབུངས་བྱས་ནས། བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་པས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས། མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད།
“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པ་དང་། བོད་ལྗོངས་གསར་པ། རྒྱང་ལམ་གསར་པ་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ལེའུ་གསར་པ”ཞེས་པ་དེ་ཡིན་པ་དང་། ཚེས་23ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།
ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ།
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ།
འཕྲིན་ཡིག་ལ་བལྟས་རྗེས་ལོ་4ཡི་གོང་ཀ་ལ་གྲོང་ཚོར་བསྐྱོད་པའི་སྐོར་ཡིད་ལ་དྲན་བྱུང་། མཛེས་ལ་གཙང་སྦྲ་དོད་པའི་གྲོང་ཚོ་དང་སེམས་རྩ་འཁོལ་ལ་བབ་ཆགས་པའི་གྲོང་མི་ཚོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་འདི་དག་རིང་གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་རྣམས་ཀྱི་ཡོང་འབབ་མང་དུ་སོང་བ་ཤེས་སྐབས། ང་ཧ་ཅང་དགའ་པོ་བྱུང་།
ཚང་མས་འཕྲིན་ཡིག་ནང་དུ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་བརྗོད་པ་དེ་ཡག་པོ་འདུག རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཞི་ཅིན་ཕིང་གིས།
2025ལོའི་ཟླ་6ཚེས་27ཉིན།
འཕྲིན་ཡིག་ལམ་ནས་ཐུགས་བརྩེའི་གཟི་འོད་འཕྲོས། དགོངས་པ་ཟབ་མོས་འཕོ་འགྱུར་ལམ་སྣེ་དྲངས།
ལང་ཚོའི་བཀྲག་མདངས་རབ་ཏུ་རྒྱས།
“པན་ཀྲང་། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་དངོས་གནས་འབྱོར་སོང་ངམ”
2020ལོའི་ཟླ་2ཚེས་21ཉིན་ཏེ། བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་གི་ཉལ་ཁང་ནང་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནས་ཡིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དངོས་སྦྱོང་སློབ་མ་ཟླ་བསྟན་གྱིས་པན་ཀྲང་གི་གདོང་ལ་ལྟ་བཞིན་ཡིད་ཆེས་ལ་མ་ཆེས་པའི་ངང་དེ་ལྟར་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བའི་གཏམ་བཟང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་17གྱི་ཁྲོད་དུ་ཁྱབ་དུས་ཁོང་ཚོར་སེམས་འགུལ་ཆེན་པོ་ཐེབས། “རྨི་ལམ་ཞིག་དང་འདྲ་བར་ཐོག་མར་དེ་ཙམ་ཡིད་ཆེས་མ་བྱུང་། པེ་ཅིང་སློབ་ཆེན་གསོ་རིག་པུའུ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱེད་སྐབས། གཞི་ནས་གཏམ་བཟང་དེ་བདེན་པ་ཡིན་པར་ཡིད་ཆེས་བྱུང” ཟླ་བསྟན་གྱི་སེམས་ནང་སྐབས་དེ་དུས་ཀྱི་དགའ་སྣང་གསལ་པོར་ངེས་ཡོད། “སྐབས་དེ་དུས་ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁག་གཅིག་པར་བརྙན་ལེན་པར་བྲེལ་བ་དང་། ཁག་གཅིག་གིས་ལམ་སེང་ནང་མིར་བརྙན་ལམ་ཁ་པར་བཏང་ནས་གཏམ་བཟང་མཉམ་སྤྱོད་བྱས་ཡོད” “ཁྱེད་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ལག་རྩལ་བྱང་ཆུབ་པ་སྦྱངས་ཐོག སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སར་བསྐྱོད་དེ། ལྷག་བསམ་དང་ལག་རྩལ་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་ཕན་བདེ་སྐྲུན་པའི་རེ་བ་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངགས་བཅོལ་ཟབ་མོ་སློབ་མ་17གྱི་སེམས་ལ་བརྟན་པོར་ངེས་ཡོད། དཔྱིད་ཀྱི་གྲང་ཟུག་ཇི་ལྟར་ཆེ་རུང་འཕྲིན་ལན་དེ་ནི་དྲོད་ལྡན་མེ་ལྕེ་ཞིག་དང་འདྲ་བར་ན་གཞོན་ཚོའི་སེམས་པ་དྲོ་སོབ་སོབ་བཟོས་ཡོད།
2023ལོར་ཚད་ལྡན་ཅན་གྱི་གསོ་སྦྱོང་མཇུག་འགྲིལ་རྗེས། ཟླ་བསྟན་བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་ཁང་དུ་ལོག་ནས་ནད་ཐོག་ལས་ལ་གཞོལ་འགོ་བརྩམས་ཤིང་། སྒོ་བསྟེན་སྨན་ཁང་དུ་ནད་པར་སྨན་བཅོས་དང་། ནད་ཁང་དུ་ནད་བརྟག་སྐོར་སྐྱོད། གཞི་རིམ་དུ་གྲལ་བཤེར། སློབ་ཞུགས་གོང་གི་གཟུགས་པོ་བརྟག་དཔྱད་སོགས་བྱེད་པའི་ལས་ཀ་ཚང་མ་ཆད་ལུས་མེད་པར་སྒྲུབ་བཞིན་ཡོད།
སྐབས་དེ་དུས་འཕྲིན་ལན་ལག་ཏུ་བཟུང་ནས་དགའ་འབོད་བྱེད་མཁན་གཞོན་ནུ་17ད་ཆ་ས་བོན་རྡོག་བུ་རེ་རེ་བཞིན་དང་འདྲ་བར་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་གཞི་རིམ་གྱི་སྨན་བཅོས་ལས་གནས་སུ་རྩ་བ་ཚུགས་ནས་ཡལ་ག་རྒྱས་བཞིན་ཡོད། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་ནས་ལང་ཚོའི་གཟི་བྱིན་ས་མཐོའི་ས་གཞི་ཡངས་པོར་འཕྲོ་བར་བྱས་ཤིང་། ནད་བརྟག་སྨན་བཅོས་བྱེད་རིམ་བཞིན་ཡུལ་མི་ཚོར་སེམས་རྩ་འཁོལ་པོས་དྲག་སྐྱེད་ཀྱི་རེ་བ་སྟེར། ཁོང་ཚོས་སྨན་པའི་བྱམས་སེམས་ལ་བརྟེན་ནས“མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སར་སྐྱོད་དགོས”ཞེས་པའི་ཐོག་མའི་བསམ་འདུན་དང་དམ་བཅའ་མུ་མཐུད་ལག་ལེན་བསྟར་ཏེ། གངས་ལྗོངས་ས་མཐོར་ཚེ་སྲོག་སྲུང་བའི་འོད་སྣང་རབ་ཏུ་འཚེར་བར་བྱས་ཡོད།
མངོན་མིན་རིག་གནས་གསོན་ཤུགས་འཕེལ།
2023ལོའི་ཟླ་5ཚེས་23ཉིན། པེ་ཅིང་གྲོས་ཚོགས་ལྟེ་གནས་ཀྱི་ཐོག་སོ་གསུམ་པའི་ཚོགས་ཁང་ནང་། ལོ་73ལ་སླེབས་པའི་རྒོད་གླིང་དཀྲོལ་མཁན་དང་རྒོད་གླིང་སྒྱུ་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་བརྟན་གྱིས་བྱ་རྒོད་ཀྱི་གཤོག་རུས་ལས་བཟོས་པའི་སྲོལ་རྒྱུན་རོལ་ཆ་རྒོད་གླིང་ཐོགས་ཏེ། “2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཞུགས་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་གངས་ལྗོངས་ས་མཐོའི་གནའ་བོའི་འགྱུར་ཁུག་དཀྲོལ་གཏོང་བྱས་པ་རེད།
ད་ལྟ་སྐབས་དེ་དུས་ཀྱི་རྣམ་པར་ཕྱིར་དྲན་བྱེད་སྐབས། ཚེ་བརྟན་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དེ་རེད།
ཉིན་དེར“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་འགོ་ཚུགས་མཛད་སྒོ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་དང་ཏག་ཏག་འཁེལ་བས། དེང་སྐབས་དང་ལོ་རྒྱུས་གླེང་བའི་སྒོ་མོ་ཕྱེ་འགོ་ཚུགས་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་རེད་ལ། འཕེལ་རྒྱས་ནི་མི་དམངས་ལ་བདེ་སྐྱིད་ཡོང་བར་བྱེད་པའི་འགག་རྩ་རེད་ཅེས་གསུངས་གནང་ཡོད” ཚེ་བརྟན་གྱིས་སེམས་འགུལ་ཆེན་པོའི་ངང“ད་ཆ། རང་ལྗོངས་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ལས་རིགས་ཁག་ལས་ཀྱང་གསོན་ཤུགས་རྒྱས་པའི་དར་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད”ཅེས་བརྗོད།
“ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒོད་གླིང་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་ཞིག་ཡིན་པའི་ངོས་ནས། 2024ལོར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་འཁྲབ་སྟོན་བྱས་རྗེས། ད་ལོ་སླར་ཡང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་ཡོད། དེ་ནི་ང་རང‘གཅིག་པུར’དབང་བའི་བདེ་སྐྱིད་གཞན་ཞིག་རེད། གཞན་ཡང་། ངའི་སློབ་མའི་ནང་ཁག་ཅིག་ཆེད་ལས་ཀྱི་སྒྱུ་རྩལ་ཚོགས་པར་ཚུད་པ་དང་ཁག་ཅིག་གིས་ལས་དོན་ཁང་གཉེར་ནས་ལག་རྩལ་དེ་ལ་བརྟེན་ཏེ་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་བཞིན་ཡོད” བཅར་འདྲི་མཇུག་འགྲིལ་ཉེའི་མཚམས་སུ་ཚེ་བརྟན་གྱིས་གསར་འགོད་པར། ཁོང་མི་རིང་བར་མཚོ་སྔོན་དུ་དམངས་ཁྲོད་སྲོལ་རྒྱུན་རོལ་ཆའི་གསོ་སྦྱོང་འདུ་ཚོགས་ཤིག་ལ་ཞུགས་རྒྱུ་ཡིན་ལུགས་བརྗོད་བྱུང་། “ངས་ཐེངས་འདིའི་སྤེལ་རེས་ཀྱི་གྲུབ་འབྲས་བསྣམས་ནས་ལས་རིགས་གཅིག་པ་ཚོ་དང་མཉམ་དུ་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་སྔར་བས་ཡག་པོ་ཡོང་བར་བྱས་ཐོག རྒོད་གླིང་ལྟ་བུའི་ལག་ཤེས་རྙིང་པ་དུས་རབས་གསར་པར་མི་ཉམས་གོང་འཕེལ་ལ་གཞོལ་ནས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རིག་གནས་ཀྱི་གསོན་ཤུགས་གསར་པ་བསྣན་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཚེ་བརྟན་གྱིས་གདེང་ཚོད་ཆེན་པོས་བརྗོད།
ཀ་ལ་གྲོང་ཚོར་གཏམ་བཟང་ཁྱབ།
དབྱར་ཟླ་བརྒྱད་པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྔོ་ལྗང་གོས་ཀྱིས་བརྒྱན་ནས་མེ་ཏོག་རབ་ཏུ་བཞད་ཅིང་། གྲོང་མི་ཟླ་བ་རྒྱལ་མཚན་རང་ཁྱིམ་གྱི་སྒོ་རའི་ནང་བསྡད་ནས་གྲོང་ཚོའི་ནང་བཏབ་པའི་ཤིང་འབྲས་སྣ་ཚོགས་ཀྱི་བྲོ་བ་མྱོང་ཞོར་དུ་གསར་འགོད་པར་འདི་ལོའི་ཟླ་6པར་ཀ་ལ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་སྐབས་གྲོང་ཚོ་ཡོངས་སུ་དགའ་སྤྲོ་རབ་ཏུ་འཁོལ་བའི་སྐོར་བརྗོད་བྱུང་།
“སྐབས་དེར་གྲོང་ཚོ་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་གྲོང་ཚོར་ཕེབས་པ་ལྟར། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་ལུགས་ཚོར་བྱུང”ཞེས་ཟླ་བ་རྒྱལ་མཚན་གྱིས་བརྗོད།
ཉེ་བའི་ལོ་ཤས་རིང་། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕྱུག་གི་ལམ་བུར་བསྐྱོད་ཡོད། སྐྱེ་ཁམས་ཡུལ་སྐོར་དང་དམངས་སྲོལ་གནས་ཚང་གི་དཔལ་འབྱོར་ལས་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་རིམ་བཞིན་བཀུག་ནས“ཁམ་བུའི་མེ་ཏོག་གི་དཔལ་འབྱོར”གྱི་ཐོན་ལས་འཁོར་འབྲེལ་བདེ་བླག་ངང་བཏོད་པས། གྲོང་གསེབ་ཡུལ་སྐོར་དང་ཤིང་འབྲས་འཐུ་བ་སོགས་ཁྱད་ལྡན་ཐོན་ལས་ཀྱང་དེ་དང་ཆབས་ཅིག་འཕེལ་རྒྱས་ཕྱིན་པ་མ་ཟད། གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད།
སྔོན་ཆད་ཀྱི་ལུང་ཤུར་དབུལ་པོར་དཔྱིད་ཀྱི་དཔལ་ཡོན་ཉམས་བཟང་བཞད་ནས་ཡུལ་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད། ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོ་དང་རང་བྱུང་ཐོན་ཁུངས་ལ་བརྟེན་པས། ད་ཆའི་ཀ་ལ་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”དང་། ཡུལ་སྐོར་གྲོང་ཚོ། བདེ་སྐྱིད་གྲོང་ཚོ་བཅས་སུ་འཕེལ་རྒྱས་ཕྱིན་ཡོད། 2024ལོར་ཀ་ལ་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་དང་། གྲོང་ཚོ་ཡོངས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་1402 གྲོང་ཚོ་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་700བཅས་ཟིན་ཡོད། ཏང་གི་དམངས་ཕན་སྲིད་ཇུས་དེ་ཡུལ་མི་ཚོས་མིག་མཐོང་ལག་འཛིན་ཐུབ་པའི་བདེ་སྐྱིད་ཀྱི་འཚོ་བར་བསྒྱུར་ཡོད།
“ཟླ་བ་དྲུག་པར། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་བྱུང་། འཕྲིན་ལན་ནང་ཀ་ལ་གྲོང་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཐུགས་རེ་ཟབ་མོ་གནང་ལུགས་འདུས་ཡོད་པ་དེ་ནི་གཟི་བརྗིད་ཅིག་རེད་ལ་འགན་འཁྲི་ལྕི་པོ་ཞིག་དེ་བས་ཀྱང་རེད” གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“སྔོན་ཆད་ཀ་ལ་གྲོང་ཚོ་ནི་རི་གྲོང་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོར་ཐུགས་ཁུར་ཆེན་པོ་གནང་སྟེ། གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་ལས་ཀ་ཧུར་ཐག་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བར་བྱེད་དགོས་ཞེས་ང་ཚོར་སྐུལ་ལྕག་གནང་བྱུང་། ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་བཏོད་དེ། དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།