དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངགས་བཅོལ་བློ་ལ་བརྟན་པོར་ངེས། གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-20

    རྩོམ་སྒྲིག་པའི་སྦྲགས་མཆན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་འཕྲིན་ལན(རྟེན་འབྲེལ་འཕྲིན་ཡིག)ཐེངས་བདུན་སྤྲིངས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་ཐུགས་ཁུར་ཟབ་མོ་གནང་བ། འབད་འཐབ་དང་ཕུགས་འདུན་དོན་གཉེར་བྱེད་མཁན་ཚང་མར་མངགས་བཅོལ་དང་སྐུལ་ལྕག་ཟབ་མོ་གནང་བ་བཅས་གང་ལེགས་མངོན་གྱི་ཡོད།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་འཚོག་ལ་ཉེ་བའི་སྐབས་སུ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པའི་གསོན་ཉམས་ལྡན་པའི་ལག་ལེན་གང་ལེགས་མངོན་ཆེད། འདི་ག་ཚགས་པར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན(རྟེན་འབྲེལ་འཕྲིན་ཡིག)ལ་བསྐྱར་དྲན་བྱེད་པའི་རྣམ་པའི་ཐོག་ནས་འཕྲིན་ཡིག་འབྱོར་ཡུལ་ལམ། ཡང་ན་དགོངས་དོན་གལ་ཆེན་དོན་འཁྱོལ་བྱེད་མཁན་འཐབ་ས་དང་པོའི་ལས་དོན་པར་བཅར་འདྲི་བྱས་ཏེ། འཕྲིན་ལན(རྟེན་འབྲེལ་འཕྲིན་ཡིག)གྱིས་བསམ་བློར་འགྱུར་ལྡོག་བྱུང་ཚུལ་བརྗོད་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་མདུན་སྐྱོད་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ལ།

    མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ་འགོ་ཚུགས་ཉེར་ཡོད་པའི་མཚམས་འདིར། ངས་ཚན་རིག་རྟོག་ཞིབ་ནང་ཞུགས་མཁན་ཚན་ཞིབ་མི་སྣ་དང་། ན་གཞོན་སློབ་མ། འགན་ལེན་མི་སྣ་བཅས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཀྱི་སྲུང་སྐྱོང་ཁུལ་གལ་ཆེན་བཅས་རེད། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཞིབ་འཇུག་ལས་དོན་སྤེལ་བ་དེས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་ལེགས་སུ་བཏང་ནས་མཚོ་བོད་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐོན་རྒྱུ་རེད། ཁྱེད་ཚོས་ཚན་རིག་མཁས་ཅན་རྒན་རབས་ཀྱི་དཀའ་སྤྱད་འབད་འཐབ་དང་། མཐུན་སྒྲིལ་དང་འབད་འབུངས་མདུན་སྐྱོད། ཡང་རྩེར་འཛེགས་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་པ། མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ། ལྗང་མདོག་གི་འཕེལ་རྒྱས་ཐབས་ལམ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ཏེ་མཚོ་བོད་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཁམས་བདེ་ཡོང་བའི་རེ་བ་ཡོད།

                                        ཞི་ཅིན་ཕིང་གིས།

    2017ལོའི་ཟླ་8ཚེས་19ཉིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་པ།

    བློ་མཐུན་སྒྲོལ་དཀར་དང་གཡང་འཛོམས་ལ།

    ཁམས་བཟང་། ཁྱེད་གཉིས་ཀྱི་འཕྲིན་ཡིག་འབྱོར་བར་ང་རང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ས་བབ་སྨི་3600ལྷག་ཙམ་དང་ལོ་ལྟར་ལོ་ཕྱེད་ཙམ་ཁ་བས་ལམ་འགོག་པའི་མཐའ་མཚམས་ས་མཐོར་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་སྐད་གྲགས་མེད་པར་བགྲང་བྱ་བཅུ་ཕྲག་འགའ་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱས་པའི་སྙིང་སྟོབས་ནི་མི་རྣམས་ཀྱིས་གུས་བཀུར་ཞུ་འོས་པ་ཞིག་རེད། ངས་ཁྱེད་རྣམས་དང་ཡུན་རིང་མཐའ་སྲུང་མཐའ་བརྟན་ཆེད་དུ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།

    ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་དང་། ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུང་རྒྱུ་ནི་འགན་འཁྲི་ཡིན་ཞེས་པའི་ཁྱེད་ཚོའི་སྐད་ཆ་དེ་དག་དངོས་གནས་ཡག་པོ་འདུག རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། མཐའ་མཚམས་ལྷིང་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་འབྲོག་པ་མང་ཚོགས་དེ་བས་མང་བར་སྣེ་ཁྲིད་དེ་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་རེ་བ་ཡོད།

    ཚོགས་ཆེན་བཅུ་དགུ་པ་འཚོགས་མ་ཐག་ཡིན་པས། ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ངེས་རེད། ཚང་མའི་ཐུན་མོང་འབད་བརྩོན་འོག་དེ་སྔའི“མི་གསུམ་ཤང”གི་ཡུལ་སྨད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་དུ་བསྐྲུན་རྒྱུ་དང་། ཡུལ་མི་རྣམས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་འགྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས།

    2017ལོའི་ཟླ་10ཚེས་28ཉིན།

    ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་སྐབས་སུ། ངས་ཏང་ཀྲུང་དབྱང་གི་ཚབ་ཞུ་བ་དང་འབྲེལ་རང་ཉིད་ཀྱི་མིང་ཐོག་ནས་སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ལས་བཟོ་དང་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

    བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ཚུན། ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས། མི་བཟང་གསོ་སྐྱོང་མཐའ་འཁྱོངས་བཅས་བྱས་ཏེ་ཏང་དང་མི་དམངས་དང་དེ་བཞིན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཕུལ་བྱུང་གི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་ལ་ལོ་ངོ་60རིང་ཐོབ་པའི་གྲུབ་འབྲས་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཁྱེད་རྣམ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། སློབ་གྲྭའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

                             ཞི་ཅིན་ཕིང་གིས།

                        2018ལོའི་ཟླ་10ཚེས་15ཉིན།

    ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2019ལོའི་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཟླ་6ཚེས་14ཉིན་གྱི་སྔ་དྲོ། “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་སར་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གླེང་སྟེགས་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ལྗོངས་འདི་ཉིད་མཚོ་བོད་ས་མཐོའི་ལྟེ་བར་གནས་ཤིང་། ཀྲུང་གོའི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བཅས་ཀྱང་ཡིན་པ་བསྟན་གནང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོའང་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དུས་ཐུང་ལོ་བཅུ་ཕྲག་རིང་། བོད་ལ་ལོ་རྒྱུས་སུ་སྤྱི་ཚོགས་འཕོ་འགྱུར་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་བྱུང་ཞིང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་ཉིད་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད། བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་རེ་བ་ཡོད།

    འཕྲིན་ཡིག་ལམ་ནས་ཐུགས་བརྩེའི་གཟི་འོད་འཕྲོས། དགོངས་པ་ཟབ་མོས་འཕོ་འགྱུར་ལམ་སྣེ་དྲངས།

    ཚན་རིག་རྟོག་ཞིབ་ཡང་རྩེར་འཛེག

    2024ལོའི་ཟླ་10ཚེས་30ཉིན། གཏམ་བཟང་ཞིག་ལས་ཚན་རིག་ལས་རིགས་ཁྲོད་སྐད་གྲགས་་ཆོད་པ་སྟེ། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བུ་རོགས་གངས་རིའི་འཁྱགས་གླིང་ནས་གོ་ལ་ཧྲིལ་པོའི་འཕྲེད་ཐིག་འབྲིང་དམའི་འཁྱགས་རུམ་གྱི་འཁྱགས་དཔེ་བླངས་པའི་རིང་ཚད་ལ་སྨི་324ཟིན་ནས་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད།

    ལོ་50ཙམ་སོང་རྗེས་ཀྱི་2017ལོའི་ཟླ་8ཚེས་19ཉིན། མཚོ་བོད་ཀྱི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དངོས་སུ་བྱེད་འགོ་ཚུགས། ཉིན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚན་རིག་རྟོག་ཞིབ་མི་སྣ་ཚོས་ཚན་རིག་མཁས་ཅན་རྒན་རབས་པ་ཚོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆུ་དང་། སྐྱེ་ཁམས། མིའི་རིགས་ཀྱི་བྱེད་སྒོ་བཅས་ལ་དམིགས་ཏེ། ས་གཙང་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་བསྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་ཡོད།

    མངའ་རིས་ས་ཁུལ་ཁུན་ལུན་རི་བོ་ནུབ་མའི་ཀུ་ལི་ཡཱའི་འཁྱགས་ཁུལ་གྱི་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་ཁོར་ཡུག་ངན་པོ་དང་ཁ་བ་བུ་ཡུག་སོགས་ཀྱི་དམིགས་བསལ་གནམ་གཤིས་ལ་ཚན་རིག་རྟོག་ཞིབ་རུ་མི་ཚོས་སྔ་ས་ནས་རྒྱུས་མངའ་ཆེ་མོད། འོན་ཀྱང་སྔར་བཞིན་དཀའ་ངལ་མང་པོ་ཁྱད་བསད་བྱས་ནས་རིང་ཚད་སྨི་308.6ཟིན་པའི་འཁྱགས་དཔེ་བླངས་ཡོད། འཁྱགས་དཔེ་བླངས་པའི་སྐོར་ཕྱིར་དྲན་བྱེད་སྐབས། ལོ་52ལ་སླེབས་པའི་ཝུའུ་ཀོང་ཅན་གྱི་དགའ་སྤྲོའི་སེམས་པ་གནོན་ཐབས་བྲལ། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་བུ་རོགས་གངས་འཁྱགས་རུམ་གྱི་ཚན་རིག་རྟོག་ཞིབ་སྒར་ས་གཙོ་བོར་ས་བབ་སྨི་5400ཡོད་པ་དང་། ལྷག་པར་དུ་ཐོ་རེངས་ཆུ་ཚོད་5པར་གྲང་རླུང་དང་འགྲོགས་ནས་འཁྱགས་པ་རྡོག་རྡོག་ཚག་སྒྲ་དང་བཅས་སྟབས་བདེའི་ཁང་པའི་སྟེང་ཟགས་པ་དང་། རྐང་པར་ཡང་བལ་སུག་ཆ་གསུམ་གྱོན་དགོས་པ་དང་། མིག་གི་ཟེ་མར་འཁྱགས་པ་ཐེབས་ཀྱི་ཡོད།

    “ཤེད་ཤུགས་ཉམས་པ་དང་དབུགས་ཧལ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ཡིག་ནང་གསུངས་པའི‘ཚན་རིག་མཁས་ཅན་རྒན་རབས་པ་ཚོའི་སྙིང་སྟོབས་དར་སྤེལ་གཏོང་དགོས”ཞེས་པའི་བཀའ་མོལ་བློ་ལ་འཁོར་སྐབས། ལ་དུག་སངས་དྲག་འགྲོ་གི་འདུག”ཅེས་ཝུའུ་ཀོང་ཅན་དང་རུ་མི་ཚོས་བརྗོད།

    མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་ཚུགས་ཚུན། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་དང་དེ་བཞིན་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།

    རྒྱལ་ཁབ་ཆེད་དུ་མཐའ་མཚམས་སྲུང་།

    2017ལོར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཁོང་ཚོས་རྒྱལ་ཁབ་དོན་དུ་མཐའ་མཚམས་བསྲུངས་བའི་མྱོང་བ་དང་དེ་བཞིན་ཕ་ཡུལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྙན་སེང་ཞུས་ཡོད། ཡུན་རིང་མ་སོང་བར་ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་བརྩེ་ཟབ་མོ་འདུས་པའི་འཕྲིན་ལན་གལ་ཆེན་འབྱོར་ཡོད།

    འཕྲིན་ལན་འབྱོར་བའི་སྐབས་སུ་ཡུལ་སྨད་ཤང་དུ་དགའ་སྤྲོ་རབ་ཏུ་འཁོལ། དེ་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ཁྱིམ་གྱིས་སྔོན་ཆད་མཐའ་མཚམས་བརྟན་སྲུང་བྱས་པར་ཁས་ལེན་གནང་བ་ཞིག་རེད་ལ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་ཚོར་འབྱུང་འགྱུར་མདུན་སྐྱོད་བྱེད་པར་མཛུབ་ཁྲིད་གནང་བ་ཞིག་དེ་བས་ཀྱང་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོར་འཛད་མཐའ་མེད་པའི་སྟོབས་ཤུགས་སྐྱེས་བྱུང་། དེས་ང་ཚོས་ས་ཆ་འདི་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་སྐབས་དེ་དུས་ཀྱི་སྣང་ཚུལ་སྐོར་གླེང་སྐབས་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་འབྱོར་ནས་ད་བར་བགྲང་བྱ་བརྒྱད་ཙམ་སོང་ཡོད། ལོ་དེ་དག་ནང་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་བསོད་ནམས་དོན་གྲུབ་ཀྱིས་རྒྱུན་གཏན་གྱི་ལས་དོན་ཁྲོད་ནས་ཡུལ་སྨད་ཤང་གི་ཉིན་བཞིན་ཡར་རྒྱས་འགྲོ་བའི་འགྱུར་ལྡོག་ཆེན་པོ་དངོས་སུ་མྱོང་ཚོར་ཐུབ་པ་སྟེ། མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དེ་སྔ་སྒོར་ཁྲི་2ཡང་མ་ཟིན་པ་ནས་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། ལྷག་པར་དུ་ན་ནིང་སྒོར་ཁྲི་4.6ཟིན་ཏེ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཅུང་མཐོ་བ་ཡོད། རྒྱལ་ལམ་219ལམ་རྒྱུད་དུ་ཡུལ་སྐོར་ཚ་རླབས་འཕྱུར་བ་དང་བསྟུན་ནས་ཤང་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་ཡོད།

    རྒྱལ་ཡོངས་ནས་ས་རྒྱ་ཆེ་ཤོས་དང་མི་འབོར་ཉུང་ཤོས་ཀྱི་ཤང་ཡིན་པའི་ཡུལ་སྨད་དུ་སྔ་ས་ནས་སྐྱེ་སྟོབས་གསར་པ་རྒྱས་ཡོད།

    “མི་དེ་ལས་མང་བ་ཡུལ་སྨད་དུ་ཡོང་བ་དང་ཡུལ་སྨད་དུ་གཞིས་ཆགས་པ་དེས་ཡུལ་སྨད་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་སྦྱིན་ཡོད། ད་ཆ་ང་ཚོའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཏེ། དེ་གོང་གི་དཀའ་སྡུག་ཆེ་ལ་ཁེར་རྐྱང་དུ་ལུས་པ་ནས་ད་ཆའི་དེང་རབས་ཅན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་རིམ་བཞིན་བསྐྱོད་ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་མིག་ལ་མཆི་ཞག་འཁོར་བཞིན་དེ་ལྟར་བརྗོད།

    རྒྱལ་སྟོབས་འཕེལ་ཕྱིར་རྐང་འཛིན་སྐྱོང་།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱང་བྱེད་སྐབས་ས་ཡུལ་དངོས་སུ་སྒམ་ནན་གྱི་རྣམ་པས་ཁེངས་ལ། བརྗོད་པར་དཀའ་བའི་སེམས་འགུལ་དང་སྤོབས་སེམས་ཀྱིས་ཁེངས། རྟེན་འབྲེལ་འཕྲིན་ཡིག་ཉན་སྐབས་སེམས་འགུལ་གྱི་རྦ་རླབས་དྲག་ཏུ་འཕྱུར་བཞིན་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་ལ་དབང་བའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་དུས་ཚོད་ཅིག་རེད”ཅེས་དགེ་རྒན་ཆེ་མོ་བ་དགེ་འདུན་མཚོས་2018ལོའི་ཟླ་10ཚེས་15ཉིན་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོག་ཡུལ་གྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    “ མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་པ”དང“ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་པ”སོགས་རྟེན་འབྲེལ་འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་ལ་མངགས་བཅོལ་ཟབ་མོ་དང་སྐུལ་ལྕག་ཟབ་མོ་གནང་ཞིང་། ལོ་བདུན་རིང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ནི་གློག་སྒྲོན་ཞིག་དང་འདྲ་བར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱང་ལམ་གསར་པར་གནས་ཚད་གནད་ལ་འཁེལ་བ་འཚོལ་བ་དང་། འབད་འབུངས་མདུན་སྐྱོད་བྱེད་པ། གྲུབ་འབྲས་གསར་པ་ཡང་བསྐྱར་གཏོད་པ་བཅས་ལ་ཁྲིད་སྟོན་བྱས་ཡོད།

    སློབ་གྲྭ་བཙུགས་པ་ནས་བཟུང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཆུ་ཚད་མཐོ་བའི་ཕུལ་བྱུང་གི་འཛུགས་སྐྲུན་པ་དང་ལས་རིགས་ཁག་གི་ཆེད་ལས་ཤེས་ལྡན་པ་ཁྲི་12ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་གསོ་སྐྱོང་བྱས་པས། “བོད་ཀྱི་ཤེས་ལྡན་པའི་འབྱུང་ཁུངས”ཞེས་པའི་མཚན་སྙན་ཐོབ་ཡོད།

    འདས་ཟིན་པའི་ལོ་བདུན་ལ་ཕྱིར་དྲན་བྱེད་སྐབས། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་ལ་དམིགས་པ་དང་། མཐོ་སློབ་རིག་མཛོད་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ། ཚན་རིག་ཞིབ་འཇུག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    གྲུབ་འབྲས་དེ་དག་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་དེ་སློབ་གཉེར་སློབ་སྐྱོང་གི་སྒུལ་ཤུགས་ཆེན་པོ་དང་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བ་ལས་བྱུང་ངོ་།

    གོ་སྐབས་དམ་འཛིན་འབྱུང་འགྱུར་གཏོད།

    “ལོ་དྲུག་གོང་གི‘2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས’ཀྱི་ས་ཡུལ་དངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ཉན་རྗེས་ངས‘མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན’དང‘མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན’གྱི་ནང་དོན་ཟབ་མོ་ལྡན་པའི་དོན་སྤྱི་དག་རང་ཉིད་ཀྱི་ཞིབ་འཇུག་ཁྲོད་དེ་བས་ཞིབ་ཚགས་སུ་ཇི་ལྟར་གཏོང་རྒྱུའི་སྐོར་ལ་བསམ་བློ་ཡུན་རིང་བཏང་བ་ཡིན”ཞེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེས་བརྗོད་པ་དང་། སྐད་ཆའི་བར་གསེང་དུ་ཁོང་གིས་2025ལོར་བོད་ཀྱི་GDPསྒོར་དུང་ཕྱུར་3000ལྷག་ཙམ་ཟིན་རེ་ཡོད་པ་དེ་2019ལོ་ལས་50%ཙམ་འཕར་བའི་གྲངས་གཞིའི་རེའུ་མིག་གསར་ཤོས་ཤིག་སྤྲད་བྱུང་།

    ལོ་དྲུག་གོང་བོད་ཀྱི་ལྗང་མདོག་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། ས་མཐོའི་ཡང་བའི་བཟོ་ལས་སོགས་དར་རྒྱས་དེ་ཙམ་ཆེན་པོ་བྱུང་མེད། ད་ཆ་དེ་དག་བོད་ཀྱི་རང་ངོས་འཕེལ་རྒྱས་ནུས་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། དབྱང་ཅེས་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་རི་མོ་གཉིས་བསྟན་ནས་བསྡུར་བ་བྱས་པ་སྟེ། 2019ལོར་བོད་ཀྱི་ནུས་རྒྱུ་གཙང་མ་ནི་ཆུ་གློག་རྐྱང་པའི་ཐོན་ཁུངས་གསར་སྤེལ་གཙོ་བོར་བྱེད་པ་དང་། ད་ཆ་ཆུ་གློག་དང་། འོད་གློག རླུང་གློག ཆིང་ནུས་བཅས་དུས་གཅིག་ཏུ་གསར་སྤེལ་ཐུབ་པ་དང་། གསོག་ནུས་ལག་རྩལ་དང་ས་ཁོངས་བརྒལ་བའི་གློག་འདྲེན་དྲ་རྒྱ་དུས་གཅིག་ཏུ་འཕེལ་རྒྱས་བྱུང་བ། ནུས་རྒྱུ་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དུས་གཅིག་ཏུ་མཐུན་སྦྱོར་བཅས་བྱུང་ཡོད། “དེ་སྔོན་ང་ཚོས་ཐོན་ཁུངས་ལེགས་ཆའི་སྐོར་གླེང་བ་དང་ད་ཆ་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་ཟུང་འབྲེལ་སྐོར་གླེང་གི་ཡོད”ཅེས་དབྱང་ཅེས་སྤོབས་པ་ཆེན་པོས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་འཁོད་པའི‘མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས’ཞེས་པ་དེ་ང་ཚོ་མི་རབས་འདིར་འཆར་གཞི་ནས་དོན་དངོས་ལ་འགྱུར་བཞིན་ཡོད”བཅར་འདྲི་མཇུག་འགྲིལ་རྗེས་དབྱང་ཅེས“འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་བཅས་ཕྱོགས་ཁག་འཕེལ་རྒྱས་འགྲོ་བའི་རྣམ་པ་ནི་ས་བབ་མཐོ་ཚད་དང་འདྲ་བར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཏེ་ས་མཐོའི་མཛེས་སྡུག་ལྡན་པའི་ལྗོངས་རིས་ཤིག་ཏུ་གྱུར་ངེས་རེད”ཅེས་རེ་སྒུག་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།