ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་གྲོགས་པོ་བློས་ཐུབ་ཅིག་ཡིན།
ཧན་ནཱ·ལའེ་ཏེ།
ད་ལོ་ནི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་25འཁོར་བའི་ལོ་རེད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ལམ་སྲོལ་གྱི་སྐུལ་འདེད་འོག ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་གཉེར་བའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངེས་གནས་དེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པར་གོང་མཐོར་བཏང་བར་བརྟེན། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་བྱུང་ཡོད།
ངས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་རྒྱལ་ཁབ་བྱེ་བྲག་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་འགན་འཁུར་མྱོང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བརྒྱུད་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོར་སྐུལ་འདེད་གཏོང་བ་དང་དེ་བཞིན་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ལམ་སྲོལ་ལ་རྒྱུན་ཆད་མེད་པར་གསོན་ཤུགས་འཕེལ་བ་དང་ཆབས་ཅིག ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་དབར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་ང་ལ་དོ་སྣང་བྱུང་། ཀྲུང་གོའི་ཁེ་ལས་འབོར་ཆེན་ཞིག་གིས་ཨ་ཧྥེ་རི་ཁར་མ་འཇོག་བྱས་པར་བརྟེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་པོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནང་ཧུར་ཐག་ཞུགས་ཡོད། 2024ལོར་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་3000ཙམ་ཟིན་ནས་ཀྲུང་གོས་ལོ་16བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ད་ཆ་ང་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་ཡོང་བའི་མཁས་དབང་ཁག་གཅིག་གིས་ཀྲུང་གོར་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དང་དམངས་ཁྲོད་ཚོང་ཚོགས་སོགས་ཀྱི་སྒྲིག་གཞིའི་དབར་མཉམ་ལས་རྒྱུན་འཁྱོངས་ཀྱིས་ཕན་ཚུན་དབར་གྱི་བསམ་ཤེས་ཟབ་ཏུ་བཏང་སྟེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བློ་གྲོས་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
ཀྲུང་ཧྥེའི་མཉམ་ལས་བརྒྱུད་རིམ་ལ་ཕྱིར་མིག་ལྟ་སྐབས། མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་ནུས་པར་བསམ་གཞིག་གང་ལེགས་བྱེད་པ་དང་འབྲེལ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དམིགས་སའི་རང་བཞིན་གྱི་མཉམ་ལས་བྱེད་པ་དེ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཆ་མཚོན་ན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་བ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པས། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཡོངས་ཁྱབ་ཀྱི་རེ་སྒུག་དང་ཁ་ཚ་དགོས་གཏུག་གི་འདུན་པ་ཞིག་རེད། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཚེ་ས་ཁོངས་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་མ་ཟད། ལས་གནས་མཁོ་འདོན་དང་དམངས་འཚོ་ལེགས་སུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཐུབ། ལོ་མང་རིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཞུང་ལམ་སྤྱི་ལེ་ཁྲི་10ཙམ་དང་། ལྕགས་ལམ་སྤྱི་ལེ་ཁྲི་1 ཟམ་པ་སྟོང་ལ་ཉེ་བ། གྲུ་ཁ་བརྒྱ་ལ་ཉེ་བ་བཅས་གསར་སྐྲུན་དང་རིམ་སྤོར་བྱེད་རོགས་བྱས་པར་བརྟེན་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་དགོས་མཁོར་གཞིགས་ནས་མཉམ་ལས་བྱེད་པ་ཡིན་ལ། རྒྱལ་ཁབ་གཞན་དག་གིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་སྐབས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགོས་མཁོར་བསམ་གཞིག་དེ་བས་མང་ཙམ་བྱ་རྒྱུར་སྐུལ་འདེད་ཀྱང་གཏོང་གི་ཡོད། ཀྲུང་གོའི་སྣེ་ཁྲིད་འོག་རྒྱལ་ཁབ་དེ་བས་མང་པོས“ཨ་ཧྥེ་རི་ཁའི་སྐད་སྒྲ་ཉན་པ་དང་འདྲ་མཉམ་གྱི་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད་ལུགས་བཏོན་བྱུང”ཞེས་བརྗོད།
ལོ་ཟླ་མང་པོའི་ཉམས་སད་བརྒྱུད་ཧྥེ་ཀྲུང་མཉམ་ལས་ལ་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ཨ་ཧྥེ་རི་ཁ་དང་ཀྲུང་གོས་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མར་སྲུང་སྐྱོང་དང་། སྒོ་དབྱེ་བསྟུན་མཁས་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་མུ་མཐུད་རླབས་གཤགས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
(རྩོམ་པ་པོ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་རྒྱལ་ཁབ་བྱེ་བྲག་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཁེན་ནི་ཡའི་རུའེ་ནཱ་རྒྱལ་སྤྱིའི་བློ་འདྲི་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན)
འབྲེལ་ཡོད་གསར་འགྱུར།