འཛད་སྤྱོད་རྒྱུན་མཐུད་འཕེལ་བ་བྱེད་པར་ད་དུང་བྱ་ཐབས་གང་དག་ཡོད།
ཉེ་ཆར། རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ཀྱིས་ང་ལ་དངུལ་མང་པོ་ཞིག་གྲོན་ཆུང་ཐུབ་བྱུང་། སླད་ཕྱིན་ད་དུང་སྲིད་ཇུས་གང་དག་ལས་འཛད་སྤྱོད་ལ་དེ་བས་ཕན་པ་ཡོད་པ་དང་འགན་སྲུང་ཐུབ་བམ།
འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་ནི་འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཀྱི་གཙོ་གནད་ལས་དོན་གྱི་གྲས་ཤིག་ཡིན་ཞིང་། ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག“འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས”ཞེས་བསྟན་ཡོད།
ད་ལོ། རང་རྒྱལ་གྱིས་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས། འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་དངུལ་འབོར་ན་ནིང་ལས་ལྡབ་1འཕར་ཡོད། ལོ་སྟོད་དུ། རྙིང་པ་གསར་པར་བརྗེ་བའི་ཕན་འབྲས་རྒྱུན་མཐུད་ཐོན་ནས་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་དང་ཁྱིམ་ཆས་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་30.7%དང་22.9%སོ་སོར་འཕར་བ་དང་། འགྲུལ་འཁོར་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་10.8%འཕར་ཡོད། གད་ཕྱགས་འཕྲུལ་མི་དང་། རིག་ནུས་སྒོ་ལྕགས། ལུས་སྦྱར་སྒྲིག་ཆས་སོགས་ཀྱི་ཐོན་རྫས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།
“ང་ཚོས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ལས་རིམ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན”ཞེས་ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་དང་།
ཁོང་གིས་ཕྱོགས་གཅིག་ནས་དམངས་ཕན་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་དང་། རླངས་འཁོར་རྙིང་པ་གསར་པར་བརྗེ་བ་སོགས་འབྲེལ་ཡོད་མ་ལག་གི་བྱེད་ནུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཞིབ་དཔྱད་ཀྱི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན། དེ་དང་ཆབས་ཅིག་ས་གནས་ཁག་ལ་ལས་རིམ་སྔར་བས་སྟབས་བདེར་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། དེ་བས་ལས་ཕྱོད་ཆེ་ལ་སྟབས་བདེའི་ངང་འཛད་སྤྱོད་པར་ཁ་གསབ་མ་དངུལ་ཐད་ཀར་སྤྲོད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་སྲིད་ཇུས་ཀྱི་ཉེན་ཁ་འགོག་ཟོན་བྱས་ཏེ། སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་ཉོ་ཚོང་རྫུན་མ་དང་། ཡང་བསྐྱར་ལེན་པ། འཕྲུལ་འཁོར་གཅིག་ཐེངས་མང་འཚོང་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་དམིགས་ནས། རིམ་འཇུག་རིམ་སྤོར་མ་ལག་བརྒྱུད་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་བཀག་འགོག་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ལ་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱས་ནས། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞིའི》ནང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་ཐུན་མོང་ཐོག་འཕེལ་རྒྱས་ཕྱིན་པ་དང་། རྫོང་དང་ཤང་གི་ཁྲོམ་རའི་བསྡུར་ཚད་བཟུང་ཚད་མཐོ་རུ་བརྟན་པོ་ཕྱིན་ཡོད། ཚོང་དོན་གྱི་གྲངས་གཞི་ཆེན་པོ་ལས་མངོན་པར། ཟླ་བ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.2%འཕར་བ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་7.0%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྫོང་དང་ཤང་གི་ཁྲོམ་རའི་གསོན་ཤུགས་ཆེ་རུ་ཕྱིན་པ་དེ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་འགྲོ་བར་ནུས་པ་གལ་ཆེན་ལྡན་ཡོད།
ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། རྫོང་གྲོང་ལྟེ་བར་བྱེད་པ་དང་། ཤང་གྲོང་གཙོ་གནད་དུ་བྱེད་པ། གྲོང་ཚོ་རྨང་གཞིར་བྱེད་པ་བཅས་ཀྱི་རྫོང་ཁོངས་ཚོང་ལས་དྲ་རྒྱ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་ནུས་ལྡན་སྐྲུན་པ། རྫོང་ཁོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱི་རྫོང་ཚང་མར་རིགས་འབྲེལ་ཚོང་ལས་སྒོ་རྩིས་ཚོང་ཁང་དང་ཟོག་འགྲུལ་སྡེབ་སྐྱེལ་ལྟེ་གནས་ཡོད་པ་དང་། ཤང་དང་གྲོང་རྡལ་དུ་ཚོང་དོན་ལྟེ་གནས་ཡོད་པ། གྲོང་ཚོ་ཚང་མར་མྱུར་སྐྱེལ་བསྐུར་མ་འབྱོར་བ་བཅས་སྤྱིའི་ཆ་ནས་མངོན་འགྱུར་ཐུབ་ཡོད། དེ་དང་ཆབས་ཅིག “ཤང་གྲོང་ཚོང་འདུས་དང་གྲོང་ཚོའི་དམངས་ཕན་ཚོང་ཁང”སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། ཤང་དང་གྲོང་རྡལ་གྱི་ཚོང་འདུས(ཞིང་ཟོག)ཁྲོམ་ར་དང་ཚོང་དོན་ལྟེ་གནས་སོགས་ཚད་རིམ་གཉིས་སྤར་ལ་རྒྱབ་སྐྱོར་བྱས་ཏེ། གཙོ་གནད་སྤུས་རྟགས་ཀྱི་རིགས་འབྲེལ་ཁེ་ལས་རྫོང་ཁོངས་ཁྲོམ་རར་མགྱོགས་མྱུར་ཞུགས་པར་སྐུལ་འདེད་གཏོང་གི་ཡིན།
གཞན་ཡང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ཁེ་ལས་ཆེ་གྲས་གཤམ་སྐྱོད་ལ་ཁྲིད་སྟོན་བྱེད་པ་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་ཟོག་འགྲུལ་ཐུན་མོང་སྡེབ་སྐྱེལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་དངོས་ཚན་དཔལ་འབྱོར་འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་པར་འབབ་འཕར་ཡོང་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།