འཇུན་པ་ཉ་གྲོང་གི་ཉམས་དགའ་བའི་འཕོ་འགྱུར་ལ་གཟིགས་དང་།
ལྷ་ས་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་རླངས་འཁོར་བཏང་ནས་དུས་ཡུན་ཆུ་ཚོད་གཅིག་ཀྱང་མ་སོང་བར་འཇུན་པ་ཟམ་ཆེན་མིག་ལམ་དུ་མཐོང་ཐུབ། ཟམ་ངོས་སུ་སྐྱོད་ཚེ་གློ་བུར་དུ་མཐོང་རྒྱ་ཆེ་རུ་འགྲོ་བ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་འཁོར་ལམ་གཉིས་དང་། ལམ་རྒྱུད་ཀྱི་སྔོ་ལྗང་ལྗོན་ཤིང་། འཆར་འགོད་གོ་རིམ་ལྡན་པའི་རླངས་འཁོར་འཇོག་ས་བཅས་ལས་མཁའ་རླུང་བརླན་བཤེར་ཇེ་ཆེར་སོང་བའི་མྱོང་བ་སྟེར། དེ་ག་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་45ལས་མེད་པའི་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་མཚར་པ་ནང་གྲོང་ཚོའི་ཚོགས་ཆུང་གཉིས་པ་སྟེ་འཇུན་པ་ཉ་གྲོང་རེད།
གསར་འགོད་པ་དང་བཅས་པ་ཆུ་ཚོད་གཅིག་གི་ནང་ལྷ་ས་ནས་འཇུན་པ་ཉ་གྲོང་དུ་འབྱོར་བ་ཤེས་རྗེས། མི་ལོ་60གྲོང་ཚོར་འཚོ་བ་བསྐྱལ་བའི་མཚར་པ་ནང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབང་འདུས་ཀྱིས“ཟམ་པ་འདི་དངོས་གནས་ཡག་པོ་བརྒྱབ་འདུག ང་རང་ཆུང་དུས་གྲོང་ཁྱེར་ལ་འགྲོ་རྒྱུ་ཕར་བཞག རྫོང་གྲོང་དུ་འགྲོ་བར་ཡང་དཀའ་ལས་ཁག་པོ་ཡོད”ཅེས་བཤད།
བོད་རང་སྐྱོང་ལྗོངས་དང“ན་ཟླ”ཡིན་པའི་རྒད་པོ་ཁོང་གིས་གསར་འགོད་པར་འཇུན་པ་ཉ་གྲོང་གི་སྔོན་ཆད་དང་ད་ཆའི་སྐོར་གླེང་འགོ་ཚུགས།
འཇུན་པ་ཉ་གྲོང་གི་ཕྱོགས་གསུམ་རི་བོས་བསྐོར་བ་དང་། ཕྱོགས་གཅིག་ཆུ་བོ་དང་སྦྲེལ་ནས་ཡོད་ཅིང་། བྱེ་ས་རྒྱ་ཆེ་ཞིང་སྔོ་ཁེབས་མང་པོ་མེད། ལྟོ་གོས་འཚོལ་བའི་ཐོན་སྐྱེད་རྒྱུ་ཆ་ཧ་ཅང་དཀོན་པོ་ཡོད། རང་བྱུང་ཁོར་ཡུག་དེ་འདྲ་ཞིག་གི་འོག་ཏུ་འཇུན་པ་གྲོང་ཚོས་ཉ་པའི་རིག་གནས་བཏོད་མོད། འོན་ཀྱང་འཇུན་པ་ཉ་གྲོང་ཡུན་རིང་གཞན་དང་འབྲེལ་བ་བྱེད་དཀའ་བས“ཁེར་ཆགས་གླིང་ཕྲན”ཞིག་ཏུ་གྱུར།
1951ལོར་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་དང་། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུཌ་རྩ་མེད་བཟོས་པས། འཇུན་པ་ཉ་གྲོང་གི་ཡུལ་མི་རྣམས་རིམ་བཞིན་ལྕཌ་སྒྲོག་ལས་ཐར་ཏེ་སོ་སོའི་ལས་དབང་གི་བདག་པོར་གྱུར།
1985ལོར་འཇུན་པ་ཉ་གྲོང་དུ་ཁྱིམ་ཚང་གི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པས། ཡུལ་མིའི་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་། རིམ་བཞིན་ཁང་པ་གསར་པ་བསྐྲུན་འགོ་ཚུགས།
2003ལོར་བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལོ་ཧྲིལ་པོར་སྲིད་འཛིན་གྲོང་ཚོ་327ལ་གཞུང་ལམ་གསར་དུ་ཤར་གཏོང་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་85%ཟིན་པས། སྟབས་བདེའི་གཞུང་ལམ་དང་པོ་དེ་གཞི་ནས་འཇུན་པ་ཉ་གྲོང་བར་བསྐྲུན་ཡོད།
2004ལོར་གྲོང་ཚོའི་ལག་ཤེས་པས་སྔོན་ལ་འཇུན་པ་ཉ་གྲོང་གི་ཀོ་ཆས་ལས་སྣོན་མཉམ་ལས་ཁང་བཙུགས་པ་དང་། དེ་རྗེས་ཡུལ་མི་ཁག་གཅིག་གིས་བློ་ཁོག་ཆེན་པོས“འཇུན་པ་ཉ་གྲོང”བཙུགས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གནའ་བོའི་ལག་ཤེས་དེ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པར་བསྒྱུར།
2006ལོ་ནས་བཟུང་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་། འཇུན་པ་ཉ་གྲོང་གི་ཡུལ་མིས་ས་ཕག་ཁང་པ་དང་ཞལ་གྱེས་ཞུས། 2017ལོར་འཇུན་པ་ཉ་གྲོང་གི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་ཤིང་། འགྲོ་ལམ་དང་། ཆུ་འབུད། གློག་རླངས། གསང་སྤྱོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་ཐེངས་གཅིག་བྱུང་བ་མ་ཟད། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་བསྐྲུན་ཡོད།
2020ལོར་འཇུན་པ་ཉ་གྲོང་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་ཐོའི་ནང་ཚུད་ཅིང་། ཆུ་ཤུར་རྫོང་གིས་གོ་སྐབས་དམ་འཛིན་བྱས་ཏེ《ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་འཆར་འགོད》ལེགས་གྲུབ་བྱས་ནས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.6བཏང་ཡོད།
ད་ཆ་འཇུན་པ་ཉ་གྲོང་དུ་བསྐྱོད་སྐབས་རྐང་འོག་ཏུ་གསར་དུ་བཏིང་བའི་སྣུམ་ནག་གཞུང་ལམ་ཡོད་པ་དང་། ངོགས་གཉིས་ཀྱི་ཡུལ་མིའི་ཁང་པའི་རྒྱབ་མདུན་དུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ། སྔོན་ཆད་ཀྱི་མཐོ་གནོན་སྐུད་ལམ་ས་འོག་ཏུ་བཅུག་པ། མི་ཕྱུགས་ལོགས་སུ་དབྱེ་བ། ཡུལ་མི་དུད་ཚང་71སྡོད་ཁང་གསར་པར་སྤོས་ཡོད། གྲོང་ཚོའི་དམིགས་བསལ་གྱི་ཉ་པའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་ལ་བརྟེན་ནས་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་རབ་དང་རིམ་པ་བཏོད་ཡོད་པ་སྟེ། མངོན་མིན་རིག་གནས་གསར་གཏོད་སྒྱུ་རྩལ་ལྟེ་གནས་གསར་དུ་བཙུགས་པ་དང་། “ཉའི”རིག་གནས་གཏིང་ཟབ་སྔོག་འདོན་ཐུབ་པ། ཁྱད་ལྡན་བཟའ་བཏུང་སྤུས་རྟགས་བཏོད་པ་བཅས་དང་། ལེ་ལག་ཚང་བའི་སྒྲིག་བཀོད་རིམ་སྤོར་བྱས་ཏེ་ཡུལ་སྐོར་ལམ་དང་། རི་འཛེག་རྐང་ལམ། སྒེར་འཁོར་སྒར་ས་སོགས་ཞོར་གཏོགས་སྒྲིག་བཀོད་གསར་དུ་བསྐྲུན་པ། གཞོན་ནུའི་ཡུལ་སྐོར་ཞབས་ཞུའི་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་གྲོང་མིའི་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།