དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-20

    ལོ་ངོ་60ཡི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་སེ་འབྲུའི་རྡོག་པོ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ནས། མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཐུན་མོང་ཐོག་བརྩམས་ཡོད། ད་ལྟའི་བོད་དུ་མི་རིགས་ཁག་གི་མང་ཚོགས་ཤ་རུས་གཅིག་པའི་སྤུན་མཆེད་བཞིན་ཕན་ཚུན་ལྟ་སྐྱོང་བྱེད་རེས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་པས། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གངས་ལྗོངས་ས་མཐོར་ཁྲ་ཐིང་ཐིང་དུ་མངོན་བཞིན་ཡོད།

    མིག་སྔའི་བར། རང་ལྗོངས་ཀྱི་མཉམ་སྡེབ་154དང་མི་སྒེར་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་པ་དང་། གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་བདམས་པ། རྫོང(ས་ཁུལ་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ས་ཁུལ་དང་གྲོང་ཁྱེར)དུ་བདམས་པ། ཚན་པ་54རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་མིང་བཏགས་པ་བཅས་རེད།

    བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ས་མཐོར་རྩ་བ་ཚུགས་པར་བྱས་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དུ། ལོ་78ལ་སླེབས་པའི་ཚེ་རིང་ཆོས་འཛོམས་ཁྱིམ་གྱི་སྒོ་རའི་ནང་སི་ཁྲོན་ནས་ཡོང་བའི་ལི་ཅན་གོ་ནང་མི་གསུམ་པོ་ད་བར་ཁང་པ་གླས་ནས་ལོ་28ཏག་ཏག་ཕྱིན་ཡོད།

    “ལྷ་སར་ཐོག་མར་འབྱོར་སྐབས། ང་ཚོ་ནང་མི་གསུམ་པོ་སྨི་ངོས་གྲུ་བཅུ་ཡང་མ་ཟིན་པའི་ཁང་པ་ཆུང་ཆུང་ཞིག་ནང་འཚང་ག་བརྒྱབ་ནས་སྡོད་དགོས་བྱུང་། འོན་ཀྱང་། ཨ་མ་ཚེ་རིང་ཆོས་འཛོམས་ཀྱིས་རང་འགུལ་ངང་སྒོ་རའི་ཁང་པ་ང་ཚོར་གཡར་བ་མ་ཟད། ཁང་གླའང་ཁྲོམ་རའི་གོང་ཚད་ཀྱི་ཕྱེད་ཀ་ལས་བསྡུས་མ་བྱུང”ཞེས་ལི་ཅན་གོས་ཕྱིར་དྲན་བྱེད་བཞིན་བཤད།

    ད་ཆ་ལི་ཅན་གོ་ཡི་བུ་མོ་གཉེན་སྒྲིག་བྱས་ཟིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་རིམ་བཞིན་ཁོ་མོས་ལག་རྟགས་ཁྱེར་ནས་སྒོ་རའི་ཁྱིམ་མཚེས་དང་མཉམ་དུ་ལོ་གསར་གཏོང་བར་ཡོང་གི་ཡོད། “མི་རིགས་གང་ཞིག་ཡིན་རུང་སྒོ་ར་དེའི་ནང་བསྡད་ཕྱིན་ཚང་མ་ཁྱིམ་ཚང་གཅིག་དང་ཁྱད་པར་མེད”ཅེས་ཚེ་རིང་ཆོས་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན་པའི”བླང་བྱ་གལ་ཆེན་དེ་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པར་བྱས་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཡོང་བའི་འགན་ལེན་བྱས་ཡོད།

    བོད་དུ་འཚོགས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་ཐོག་མངའ་རིས་ས་ཁུལ་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གི་སློབ་མ་ཚེ་བརྟན་སྒྲོལ་དཀར་གྱིས“དུས་རབས་གསར་པའི་བོད་ཀྱི་ལོ་ཆུང་ཞིག་ཡིན་པའི་ང་ཚོས་སློབ་སྦྱོང་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་ཞིག་ཏུ་འགྱུར་བ་བྱེད་དགོས་ངེས་རེད”ཅེས་བློ་ཐག་ཆོད་པོས་བཤད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་པ་བཀྲ་ཤིས་ཚེ་རིང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ནང་ཞུགས་པ་བརྒྱུད། ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད། ཁོང་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་བྱས་རྗེས། ངས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་མཐོང་ཐུབ་བྱུང”ཞེས་བཤད།

    ད་ལྟ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་སྟེ། འོས་འགན་སློབ་གསོའི་དུས་རིམ་གྱི་སྐད་གཉིས་སློབ་གསོ་ཡོངས་ཁྱབ་ཐུབ་པ་དང་། གྲོང་ཚོ(སྡེ་ཁུལ)གཙོ་བོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཚད་92.5%ཟིན་ཡོད།

    འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་ཀྱི་ས་ཕྱོགས་གང་སར་རྣམ་པར་བཞད་པ།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནང་གྲོང་མི་ཚེ་རིང་གིས་འབྲི་ཏ་ས་འཛིན་ལ་གཡོག་བྱེད་བྱེད་བཞིན་ཡོད། “ལག་རྩལ་དེ་ནི་རྒན་ཀུའོ་ལགས་སྐུ་ངོ་མས་བསླབས་བྱུང་། ད་ཆ་ངའི་ཁྱིམ་གྱི་དྲོད་ཁང་ཆེན་པོའི་ཡོང་འབབ་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་འཕར་སོང” ཁོང་གིས་བཤད་པའི“རྒན་ཀུའོ་ལགས”ནི་བོད་དུ་ལོ་20ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་པའི་འདེབས་འཛུགས་དུད་ཚང་ཀུའོ་ཧོ་ཡན་ཡིན། རྒན་ཀུའོ་ལགས་ཀྱིས་ལོ་ཤས་རིང“དགེ་ཕྲུག”80ལྷག་ཙམ་ཁྲིད་པ་དང། མི་རིགས་ཁག་གི་ཡུལ་མིས་ཁོང་གི་ས་ནས་ལག་རྩལ་སྦྱངས་པས་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད།

    འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། རང་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་གྲངས་ཉུང་མི་རིཌ་འཕེལ་རྒྱས་གཏོང་བའི་ལས་འགན་ཐད་མ་དངུལ་སྒོར་དུང་ཕྱུར་61.15བཏང་ནས། མཐའ་དར་དམངས་ཕྱུག་དང་། ཁྱད་ལྡན་ཐོན་ལས། རྩལ་ནུས་གསོ་སྦྱོང་སོགས་ཀྱི་རྣམ་གྲངས་ཁག་1543ལག་བསྟར་བྱས་ཡོད། 2020ལོ་ཚུན་བོད་ཀྱིས་ད་དུང་སྒོར་དུང་ཕྱུར་5.12བཏང་སྟེ་ཡོང་འབབ་དམའ་བའི་མང་ཚོགས་ལ་བདེ་ཐང་ཇ་སྤྲད་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་ཚང་མར་ཕན་ཐོགས་པར་བྱས་ཡོད།

    རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེས་མི་རིགས་མཐུན་སྒྲིལ་ལ་འདེགས་སྐྱོར་བརྟན་པོ་བྱས་ཤིང་། མཚོ་བོད་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་2024ལོའི་ལོ་མཇུག་ཏུ་བོད་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་དང་ལྕགས་ལམ་འཁོར་སྐྱོད་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་ཡོད། ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་ཐག་རིང་ལུང་ཁུག་གི་དེ་སྔའི“མི་གསུམ་ཤང”དེ་ད་ཆ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་ནས་ཁྱིམ་ཚང་ཚང་མར་4Gདྲ་རྒྱ་སྤྱོད་རྒྱུ་བྱུང་ཡོད་ལ། ཕྲུ་གུ་ཚོས་དྲ་ཐོག་སློབ་གསོ་བརྒྱུད་སྤུས་ལེགས་ཀྱི་སློབ་ཁྲིད་ཐོན་ཁུངས་ལོངས་སྤྱོད་ཐུབཡོད།

    མཐུན་སྒྲིལ་གྱི་དཔེ་རིས་མཉམ་དུ་བཀོད་ནས། སེ་འབྲུའི་རྡོག་པོ་བཞིན་གོང་བུ་དེ་བས་དམ་ཟབ་ཏན་ཏིག་བསྒྲིལ་བ།

    ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བའི་སློབ་མ་མཉམ་དུ་སློབ་ཚན་འཚོགས་པ་དང་རྩེད་མོ་རྩེ་བ་མ་ཟད། ད་དུང“ལག་གདང་སྦྲེལ་བའི”བྱེད་སྒོ་བརྒྱུད་ལྗོངས་ཕྱིའི་སློབ་གྲྭ་དང་ཆ་འགྲིག་ཀྱང་བྱས་ཡོད། སློབ་སྤྱིས“ཕྲུ་གུ་ཚོ་ཆུང་དུས་ནས་མཉམ་དུ་རྩེད་མོ་རྩེ་བ་དང་སློབ་སྦྱོང་བྱེད་ཀྱི་ཡོད་པས་མི་རིགས་མཐུན་སྒྲིལ་གྱི་ས་བོན་དེ་སློབ་མ་ཚོའི་སེམས་ནང་རང་ཤུགས་སུ་རྩ་བ་ཚུགས་ཡོད”ཅེས་བཤད།

    རང་ལྗོངས་ཀྱིས“འཆར་གཞི་ཁག་གསུམ”ལག་བསྟར་གཏིང་ཟབ་བྱས་ནས། སློབ་གསོ་དང་། ལས་ཞུགས། རིག་གནས་ཡུལ་སྐོར། སྡེ་ཁུལ་སོགས་ཁྱབ་ཁོངས་མང་པོའི་ཐད་ལག་ལེན་གསར་གཏོད་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། 2024ལོར་ལྗོངས་ཡོངས་ཀྱིས“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་མི་ཐེངས་ཁྲི་3.49བཏང་བ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་མི་གྲངས་དེ་2012ལོའི་མི་ཐེངས་ཁྲི་45ནས་2024ལོའི་མི་ཐེངས་ཁྲི་64.8བར་མང་དུ་ཕྱིན་པ། ལྗོངས་ཕྱིའི་གཞོན་ནུ་དེ་བས་མང་བ་བོད་དུ་ལས་གཏོད་བྱེད་པར་ཡོང་བ་མ་ཟད། བོད་ཀྱི་སློབ་གྲྭ་ཆེ་མོ་བའང་རྒྱལ་ཡོངས་སུ་བསྐྱོད་ནས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པར་བྲེལ།

    བོད་སྐྱོར་ལས་དོན་གྱིས་སེམས་སྦྲེལ་ཟམ་པ་བཙུགས་ཤིང་། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་སྤུས་ལེགས་ཐོན་ཁུངས་ས་མཐོར་ཐད་ཀར་འབྱོར་ཡོད། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པ་ཝང་ལེ་ཡིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་ཀ་ལོ་གཅིག་བྱེད་རིང“ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་ཁྲིད་ཡོད། ཁོང་གིས“ང་ཚོ་རོགས་རམ་བྱེད་པར་ཡོང་བ་ཙམ་མ་ཟད། གྲོགས་པོ་སྒྲིག་པར་ཡང་ཡོང་བ་ཡིན”ཞེས་བཤད།

    ལོ་ངོ་60ཡི་རིང་གི་མཐུན་སྒྲིལ་འབད་འཐབ་དང་ལོ་ངོ་60ཡི་རིང་གི་འཕོ་འགྱུར་ཆེན་པོ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཏེ་དེ་བས་བཀྲག་མདངས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོར་བཞད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།