དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ཐོན་ཟོག་སྣ་ཁ་འཛོམས། རྒྱལ་ཕྱི་རྒྱལ་ནང་བྲིན་ཁ་རྒྱུག

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུའུ་སི་ཞུང་། དབྱང་ཝུན་མིང་། ཡེ་ཁྲོན་ཙེང་།   |     སྤེལ་དུས།  2025-08-19

    “ཡུན་ནན་གྱི་ཐོན་ཟོག”བྲིན་ཁ་རྒྱུག་པོ་གང་འདྲ་ཡོད་དམ་ཞེ་ན།

    2024ལོར། ཡུན་ནན་གྱི་ཀོག་ཧྥེ་དང་བུམ་སྒྲིག་མེ་ཏོག་ཕྱིར་གཏོང་གྲངས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མ་ཟད། ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད། ལོ་ལྟར་ཡུན་ནན་གྱི་སྔོ་ཚལ་ཐོན་རྫས་70%ཙམ་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་150ལྷག་ཙམ་དང་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ལ་འཚོང་གི་ཡོད།

    ས་མཐོའི་ཁྱད་ལྡན་ཞིང་ལས་ནི་ཡུན་ནན་གྱི་ཁྱད་ལྡན་ཐོན་ལས་ཤིག་ཡིན། ད་ལོའི་ཟླ་གསུམ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། “ཡུན་ནན་དུ་ཇ་ལོ་ཧ་ཅང་མང་པོ་ཡོད་པ་དང་། དེ་སྔའི་ཇ་རྟའི་གནའ་ལམ་འཁེལ་བས། ཀྲུང་ལུགས་སྨན་རྫས་ཀྱི་ལོ་རྒྱུས་རིང་བ། ཀོག་ཧྥེའི་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པ་མ་ཟད་། ད་དུང་འགྱིག་ཐོན་ཁུལ་གཙོ་བོ་ཞིག་ཀྱང་ཡིན་པ་དང་། ཚ་ཁུལ་དང་ཚ་ཁུལ་ཕལ་པའི་ཤིང་ཏོག་དང་ཤུན་མཁྲེགས་ཤིང་ཏོག་ཀྱང་སྐྱེ་གི་ཡོད། དམིགས་བསལ་གྱི་ཐོན་རྫས་འདི་དག་ཁྱེད་ཚོའི་སྤུས་རྟགས་ཡིན་པས། མུ་མཐུད་དེ་ཡག་པོ་གཉེར་དགོས”ཞེས་གསུངས་ཡོད།

    ཡུན་ནན་གྱི་མེ་ཏོག་རྣམ་པར་བཀྲ་བ་དང་། ཀོག་ཧྥེའི་བྲོ་བ་ཞིམ་པ། ཇ་ལོའི་དྲི་བསུང་ཞིམ་པ། སྔོ་ཚལ་སོས་པ། ཤིང་ཏོག་མངར་བ། ཤ་མོ་སྤུས་ཀ་དག་པ། སྨན་རྒྱུ་སྤུས་གཙང་བཅས་ཡོད་པས། ཡུན་ནན་གྱིས་ཡུལ་བབ་དང་བསྟུན་ཏེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་རྟགས་ཡག་པོ་བཏོད་ནས་འདེབས་ལས་དང་། འདེབས་འཛུགས། ཁྲོམ་ར་བཅས་ནས་ནུས་ཤུགས་བཏོན་པས། “ཡུན་ནན་གྱི་ཁྱད་ལྡན་ཐོན་རྫས་སྣ་བདུན”གྱི་གཙོས་པའི་ཡུན་ནན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་མང་པོ་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་པོ་བྱུང་ཡོད།

    འདེབས་འཛུགས་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ།

    “ཡུན་ནན་གྱི་ཀོག་ཧྥེ་ཡིས་ཀྲུང་གོའི་ཀོག་ཧྥེ་ཡི་ཚབ་བྱེད་ཀྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་ཀོག་ཧྥེ་འདེབས་ཁྱོན་དང་ཐོན་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མཁྱེན་སྐབས་བསྔགས་བརྗོད་ཚད་མེད་གནང་།

    ཕུའུ་ཨེར་གྲོང་ཁྱེར་སི་མའོ་ཆུས་བྱ་གག་ཐང་གི་ཀོག་ཧྥེ་གཞིས་ཀར་ཚོང་པ་རྒྱུན་ཆད་རྒྱུ་མེད། ཀོག་ཧྥེ་གཞིས་ཀའི་ཅིང་ལི་ཧྲི་ཧན་ཡུས་ཀྱིས“སྤུས་ཚད་མཐོ་རུ་ཕྱིན་པ་དེས་ཕྱི་ནས་འོང་བའི་ཚོང་པ་མང་པོས་དེ་གའི་ཀོག་ཧྥེའི་སྲན་མ་ཉོ་བར་འོང་གི་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་ཡུན་ནན་གྱི་ཀོག་ཧྥེ་སྤུས་ཀ་ལེགས་སུ་དང་ལས་སྣོན་ཞིབ་ཚགས་ཕྱོགས་སྒྱུར་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྤུས་ལེགས་ཀྱི་སྣ་ཁ་མུ་མཐུད་གསར་བརྗེས་བྱས་ཏེ་ཡུན་ནན་གྱི་ཀོག་ཧྥེ་སྤུས་ལེགས་སུ་འགྱུར་ཚད་2021ལོའི་8%ནས་ད་ལྟའི་31.6%བར་འཕར་ཡོད།

    ཐུན་མོང་མ་ཡིན་པའི་རང་བྱུང་གི་ཆ་རྐྱེན་ལ་བརྟེན་ནས་ཡུན་ནན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་ལེགས་ཆ་བཏོད་ཡོད། ཡུན་ནན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ནས་རང་བདག་གི་ཤེས་བྱའི་བདག་དབང་ལྡན་པའི་ཞིང་ལས་ཐོན་རྫས་དེ་བས་མང་བ་སྐྱེད་སྲིང་བྱས་ཡོད། ཡུན་ནན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཧྥང་གིས། ཡུན་ནན་གྱིས་ཞིང་ཆེན་རིམ་པའི་འདེབས་འཛུགས་རྟེན་གཞི་36བསྐྲུན་པས་མེ་ཏོག་དང་རྩི་ཤིང་དང་། ཀོག་ཧྥེ། སྔོ་ཚལ་སོགས་སྐྱེ་དངོས་འདེབས་གསོའི་འགག་རྩའི་ལག་རྩལ་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    འདེབས་འཛུགས་བྱེད་པར“རིག་ལྡན”ཚོར་ཆས་སྔར་བས་མང་བ་སྤྱད་པ།

    “ཚོར་ཆས་ཀྱིས་ཉིན་མཚན་མེད་པར་ས་རྒྱུའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་ཆས་ཀྱིས་ས་རྒྱུའི་འཚོ་བཅུད་སྔོ་ཚལ་གྱི་རྩ་བར་སྨིན་པོ་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་ཡུས་ཞི་གྲོང་ཁྱེར་ཐུང་ཧའེ་རྫོང་ཧོང་ལུང་སྡེ་ཁུལ་གྱི་དེང་རབས་ཞིང་ལས་ལྗང་མདོག་ནུས་ཆེའི་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་ཞ་ཡུས་ཀྱིས་ས་རྒྱུའི་ཚོར་ཆས་མ་ལག་ལ་ཚོད་ལྟ་སྙོམ་སྒྲིག་བྱེད་བཞིན་དུ་བཤད།

    ཚན་རྩལ་ལ་བརྟེན་ནས་ཡུན་ནན་གྱི་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ཡོད། ལུའུ་ལེང་རྫོང་གིས་སྔོ་ཚལ་དང་ཞིང་སྨན་གྱི་ཉེན་ཁ་ཚོད་སྐོར་གྱི་ལྟ་ཞིབ་ཚད་ལེན་དང་ཐོན་ཡུལ་གྱི་ཁུངས་འདེད་ལམ་ལུགས་བཙུགས་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཞིབ་དཔྱད་ཚད་ལེན་ཐུབ་ཚད་100%ཟིན་པ་དང་། ཁའེ་ཡོན་གྲོང་ཁྱེར་མེ་ཏོག་དང་རྩི་ཤིང་ཐོན་སྐྱེད་རྟེན་གཞིས་ནུས་པ་ཆེ་ཞིང་གྲོན་ཆུང་ངང་ཞིང་ཆུ་གཏོང་ཚད་100%ཟིན་པ། ཝུན་ཧྲན་ཀྲོང་རིགས་དང་མེའོ་རིགས་རང་སྐྱོང་ཀྲོའུ་ཡིས་གསུམ་བདུན་འདེབས་འཛུགས་ཀྱི་ཚད་ལྡན་ཅན་གྱི་བརྒྱུད་རིམ་བཏོད་ནས་སྤུས་ཚད་ཀྱི་ཚད་གཞི་ཁ་གསལ་བཟོས་ཡོད།

    འཁོར་རྒྱུག་གི་སྤུས་ཚད་མཐོ་རུ་དང་མྱུར་ཚད་མགྱོགས་སུ་བཏང་བ།

    ཁུན་མིང་གྲོང་ཁྱེར་ཁྲེང་ཀུང་ཆུས་ཏོའུ་ནན་མེ་ཏོག་དང་རྩི་ཤིང་དྲ་ཐོག་ཉོ་ཚོང་ལྟེ་གནས་ཀྱིས་ཡུན་ནན་གྱི་མེ་ཏོག་དྲ་ཐོག་ཏུ་བཙོངས་ཏེ་སྐར་ཆ་བཞི་རེར་ཚོང་ཐེངས་རེ་འགྲིག་གི་ཡོད།

    ཁུན་མིང་ཧྭ་དབྱི་པའོ་ཚན་རྩལ་ཚད་ཡོད་ཀུང་སིའི་བརྙན་ཤེལ་ཆེན་པོའི་ཐོག་ཉོ་ཚད་ཀྱི་དཔེ་རིས་དུས་ཐོག་ཏུ་སྟོན་གྱི་ཡོད། ཀུང་སིའི་འགན་འཁུར་བ་ཀྲའོ་ཡུང་ནེང་གིས“ལས་སྟེགས་ཀྱིས་བུམ་སྒྲིག་མེ་ཏོག་དྲ་ཐོག་གི་རྒྱང་ཁྲིད་མཚམས་སྦྱོར་གྱི་ཉོ་ཚོང་བྱེད་སྟངས་གསར་གཏོད་འཚོལ་ཞིབ་བྱས་ནས་ཐོན་སྐྱེད་དང་དགོས་མཁོར་ཐད་ཀར་སྦྲེལ་གྱི་ཡོད། གྲངས་གཞི་ཆེན་པོས་མེ་ཏོག་གི་སྣ་ཁ་དང་ཚོན་མདོག་གི་བཟུང་ཚད་སོགས་འགག་རྩའི་ཕྱིར་ཚོང་གི་ཆ་འཕྲིན་ལ་དབྱེ་ཞིབ་བྱས་ནས་མེ་ཏོག་འདེབས་མཁན་ཞིང་པ་དང་མེ་ཏོག་འཚོང་མཁན་ཚང་མར་སྟབས་བདེ་བསྐྲུན་ཡོད”ཅེས་བཤད།

    ཤིང་ཏོག་ལན་མེ་ཐོན་སྐྱེད་བྱ་ཡུལ་ཡུན་ནན་མོང་ཙི་གྲོང་ཁྱེར་ནས་ཧྲང་ཧའེ་ཡི་སྒོ་རྩིས་ཚོང་ཁང་དུ་དབོར་བར་ཉིན་ག་ཚོད་འགོར་བའི་ཐད་ལ། “ལན་མེ་བཀོག་རྗེས་གྲང་མཛོད་དུ་བསྐྱལ་ནས་ཉར་ཚགས་དང་། དེ་ནས་གྲང་ཕྲེང་ནང་དབོར་ཏེ་མགྱོགས་ཤོས་སུ་ཉིན་གཉིས་ནང་ཧྲང་ཧའེ་ལ་འབྱོར་གྱི་ཡོད”ཅེས་ལན་མེ་ཚོང་མཁན་ཁྲེན་ཚན་ལིང་གིས་བཤད།

    མིག་སྔར་ཡུན་ནན་ལ་གྲང་མཛོད་7300ལྷག་ཙམ་བསྐྲུན་ཟིན་པར་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་740ཙམ་ཟིན་ནས། ཞིང་ལས་ཐོན་རྫས་སོས་པ་ཐོན་ཁུལ་གཙོ་བོའི་ས་ཁོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་ཁྱུ་ཚོགས་སྤྱིར་ན་ཆགས་ཡོད་པ་རེད།

    “ཡུན་ནན་གྱི་ཐོན་ཟོག”ཡུན་ནན་ནས་ཕྱིར་གཏོང་བྱ་རྒྱུར་རམ་འདེགས་བྱས་ཏེ་ཡུན་ནན་ཞིང་ལས་སྡེ་ཚན་གྱིས་སྤུས་རྟགས་ཁྱུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཚོང་དོན་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། ལོ་ལྟར་ཉུང་མཐར་ཡང་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་བྱེད་སྒོ་ཐེངས་6སྒྲིག་འཛུགས་བྱས་ཤིང་། 2024ལོར་ཡུན་ནན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་487.9དང་། ཁུན་མིང་འགག་སྒོ་དང་འགྲིམ་འགྲུལ་སྡེ་ཚན་གྱིས་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི“ཐོགས་མེད་བགྲོད་ལམ”གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས“ཞིབ་བཤེར་བྱེད་ཐེངས་གཅིག་ལ་ཕྱོགས་གཉིས་ཀྱིས་ཕན་ཚུན་ཁས་ལེན”ཐུབ་པ་དང་། རྒྱལ་ཁབ་ལྕགས་ལམ་ཁུན་མིང་ཅུས་ཀྱིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི“རྫ་ཆུ་དང་མེ་ཀུང་གཙང་པོའི་མྱུར་བགྲོད་ལམ་ཐིག”གི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པ་དེས་ཞིང་ལས་ཐོན་རྫས་ནུས་ཆེའི་སྒོ་ནས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་ཕྱིར་གཏོང་བྱ་རྒྱུར་རམ་འདེགས་བྱས་ཡོད།

    ཡུན་ནན་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ང་ཚོས‘ཡུལ་ཟོག’གི་ཐོན་ཁུངས་སྔོག་འདོན་དང་། ‘ཁྱད་ལྡན’གྱི་ལེགས་ཆ་ཤུགས་ཆེར་གཏོང་བ། ‘ཐོན་སྐྱེད’ཀྱི་ཕན་ནུས་ཆེར་གཏོང་བཅས་བྱས་ནས‘ཡུན་ནན་གྱི་ཐོན་ཟོག’རྒྱལ་ཡོངས་དང་འཛམ་གླིང་ལ་གཏོང་ཐུབ་པ་བྱེད་དགོས”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།