ཨ་ཧྥེ་རི་ཁའི་ལྗང་མདོག་འཕེལ་རྒྱས་ལ་དཔེ་སྟོན་གསར་པ་མཁོ་འདོན་བྱས་པ།
མོ་རི་ཐ་ནི་ཡའི་ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་ལ་རྟོག་ཞིབ་དང་བཅར་འདྲི་བྱས་པའི་སྐོར་བཀོད་པ།
འདི་ནི་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་ལག་རྩལ་མི་སྣས་ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་དུ་སྤེལ་རེས་བྱེད་བཞིན་པ།
མོ་རི་ཐ་ནི་ཡའི་རྒྱལ་ས་ནོ་ཝ་ཁ་ཆོ་ཐེ་ནས་རྡོག་ཐོན་བྱས་ཏེ་རྒྱལ་ལམ་N3བརྒྱུད་རླངས་འཁོར་བཏང་ནས་ཤར་ཕྱོགས་སུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བསྐྱོད་རྗེས། སྐྱ་ཐེར་ཐེར་གྱི་མྱ་ངམ་ཐང་དཀྱིལ་དུ་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་ལྗང་མདོག་གླིང་ཁུལ་ཞིག་མངོན་པ་དང་། དེ་ནི་ཀྲུང་གོ་དང་མོ་རི་ཐ་ནི་ཡས་མཉམ་དུ་བསྐྲུན་པའི་ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་གི་རྣམ་གྲངས་རེད། ཕྱོགས་གཉིས་ཀྱིས་བྱེ་འགྱུར་འགོག་བཅོས་དང་། དམངས་འཚོ་ལེགས་གཏོང་། ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མོ་རི་ཐ་ནི་ཡས་རང་བྱུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་རམ་འདེགས་བྱས་ཤིང་། ཨ་ཧྥེ་རི་ཁའི་ལྗང་མདོག་འཕེལ་རྒྱས་ལ་དཔེ་སྟོན་གསར་པ་མཁོ་འདོན་བྱས་ཡོད།
གླིང་ཁུལ་དུ་བསྐྱོད་སྐབས་སུའུ་ཏན་གྱི་སྲན་མ་དང་། ཆེ་ཙི། ཀྲོ་མ་ཀྲུ་བཅས་རེ་རེ་བཞིན་བརྔ་བསྡུ་བྱས་ཟིན་ལ་ཐེན་ཀྭ་མངར་མོ་དང་ཤིས་ཀྭ་ཡང་ཁུ་ཚུར་གྱི་ཆེ་ཆུང་ཙམ་སྐྱེས་འདུག མུ་མཐུད་ནང་དུ་སོང་བ་ན། སྤོ་འཛུགས་བྱས་པའི་ཨ་རབ་ཀྱི་ཅིན་ཧེ་ཧོན་སྡོང་ཕྲུག་དང་། མུ་ཏིག་ཁྲེ། ཨེ་ཅིབ་ཀྱི་སྡོང་ཕྲུག་བཅས་སྐྱེ་འཚར་ལེགས་པོ་ཡོད། བསིལ་རླུང་དལ་གྱིས་ལྡང་རྗེས། གསར་སྐྱེས་ལྗོན་ཤིང་དལ་བུར་གཡོ་བ་དང་སྣ་ལམ་དུ་དྲི་བསུང་ཞིག་ངང་གིས་འཐུལ་ཡོང་།
“ན་ནིང་ང་ཚོས་སྔོ་ཚལ་དང་ཤིང་ཏོག་སྤྱི་རྒྱ་900ཙམ་མཐའ་འཁོར་གྱི་གྲོང་ཚོ་15ཡི་གྲོང་མི་6000ཙམ་ལ་རིན་མེད་ངང་སྤྲད་པ་ཡིན། བྱེ་ཐང་དུ་ང་ཚོས་བཏབ་པའི་སྔོ་ཚལ་གསོན་ཐུབ་པས། གྲོང་མིས་ཀྲུང་གོའི་ཚན་རིག་པ་དཔེ་མི་སྲིད་པའི་འཇོན་པོ་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས“ཨ་ཧྥེ་རི་ཁའི་ལྗང་མདོག་ལྕགས་རི་རིང་མོ”མོ་རི་ཐ་ནི་ཡ་རྒྱལ་ཁབ་ཧྲུའུ་ཡི་ཀྲུའུ་རེན་གཞོན་པ་མ་ཧ་མའོ་ཏེ·ཨ་པུའུ་ཏུའུ་ལ་ཧོ་མན་གྱིས་བརྗོད་པ་རེད།
ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་གི་རྣམ་གྲངས་ནི་ཀྲུང་གོ་དང་མོ་རི་ཐ་ནི་ཡ་ཕྱོགས་གཉིས་ཀྱིས་མཉམ་དུ་ལག་བསྟར་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡིས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་རྗེས་མཐུད་ཀྱི་ལག་རྩལ་རྒྱབ་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། རྣམ་གྲངས་དེས་ས་ཁྱོན་སྤྱི་ཆིང་4བཟུང་བ་དང་། གཙོ་བོར་ཕྱི་ཕྱོགས་ཀྱི་བྱེ་འགོག་བྱེ་བཅོས་ཁུལ་དང་། དཔལ་འབྱོར་འབྲས་ཤིང་ཁུལ། བྱེ་སའི་སྔོ་ཚལ་འདེབས་ཁུལ། ཕྱུགས་རྩྭ་འདེབས་ཁུལ། ཁྱིམ་བྱ་གསོ་སྤེལ་ཁུལ་བཅས་ཚུད་པ་མ་ཟད། དེ་ནི་ཀྲུང་གོ་ཚན་རྩལ་པུའུ་ཡི་གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས“ཨ་ཧྥེ་རི་ཁའི་ལྗང་མདོག་ལྕགས་རི་རིང་མོའི་གཙོ་གནད་ས་ཁོངས་ཀྱི་བྱེ་ཐང་འགོག་བཅོས་ཀྱི་ཉེར་སྤྱོད་ལག་རྩལ་མཉམ་ལས་ཞིབ་འཇུག་དང་དཔེ་སྟོན”གྱི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ཀྲུང་གོ་ཚན་རིག་ཁང་དང་མོ་རི་ཐ་ནི་ཡ་གཉིས་ཀྱིས་མཉམ་ལས་གྲོས་མཐུན་ལ་ཐེངས་དང་པོར་མིང་རྟགས་བཀོད་དེ“ཨ་ཧྥེ་རི་ཁའི་ལྗང་མདོག་ལྕཌ་རི་རིང་མོ”ཞེས་པའི་འཆར་གཞིར་སྐུལ་འདེད་གཏོང་བའི་ནང་ཞུཌ་པ་ནས་བཟུང་། མོ་རི་ཐ་ནི་ཡ་རུ་ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་གི་རྣམ་གྲངས་ལ་མངོན་གསལ་དོད་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། བྱེ་ས་སྤྱི་ཆིང་100གྲུབ་འབྲས་ཐོབ་པའི་ངང་གཏན་འཁེལ་བྱུང་བ་དང་དེའི་ནང་གི་བྱེ་ས་སྤྱི་ཆིང་4ལ་ཀྲུང་གོའི་བྱེ་འཇཌ་ལག་རྩལ་གྱིས་བཅོས་སྐྱོང་བྱས་པ་བརྒྱུད་རྒྱུན་མཐུད་བེད་སྤྱོད་ཆོག་པའི་སྔོ་ལྗང་ཚལ་དུ་བསྒྱུར་ཡོད།
ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲོའུ་ན་ཡིས་བལྟས་ན། ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་ནི“ལྗང་མདོག་ལག་རྩལ་གྱི་ཚོད་ལྟའི་ཞིང་ས”ཞིག་རེད། རྣམ་གྲངས་དེར་དམིགས་ནས“ཚན་ཞིབ་སྒྲིག་གཞི་དང་། ལེགས་ལྡན་ཁེ་ལས། དཔེ་སྟོན་རྟེན་གཞི”ཟུང་དུ་འབྲེལ་བའི་རྒྱུ་གསུམ་མཐུན་སྦྱོར་ལམ་སྲོལ་ཆགས་པ་སྟེ། ཚན་ཞིབ་སྒྲིག་གཞིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་དབྱིབས་གསར་གཏོད་ཀྱི་འགན་འཁུར་བ་དང་། ལེགས་ལྡན་ཁེ་ལས་ཀྱིས་དགོས་མཁོ་ལྟར་ལེ་ལག་ཚང་བའི་རྒྱུ་ཆ་དང་ཐོན་རྫས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་སྤུས་ཚད་དོ་དམ་ཚོད་འཛིན་མཁོ་འདོན་བྱེད་པ། དཔེ་སྟོན་རྟེན་གཞི་ནི་ལག་རྩལ་འདུས་གྲུབ་དང་། ར་སྤྲོད། དཔེ་སྟོན་ཁྱབ་གདལ་བཅས་ཀྱི་ལྟེ་བའི་ལས་སྟེགས་སུ་བརྩི་བ་བཅས་རེད།
ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་ཧྥེ་ལྗང་མདོག་ལག་རྩལ་སྤྱི་གླིང་གི་རྣམ་གྲངས་ཀྱིས་ཡུལ་དེ་གའི་ལག་རྩལ་མི་སྣ་45ལ་སྔོ་འགྱུར་ལག་རྩལ་གྱི་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཡུལ་དེ་གའི་སྡེ་ཁུལ་ལ་ལས་གནས་120མཁོ་འདོན་བྱས་ཡོད་པ་རེད། རྣམ་གྲངས་ཀྱི་མོ་རི་ཐ་ནི་ཡའི་ཕྱོགས་ཀྱི་མཐུན་སྦྱོར་བ་ཐུའུ་ལ་ཏེ·མའེ་ཏུའུ་ཡིས་ཀྲུང་གོར་ལོ་གཉིས་རིང་སློབ་སྦྱོང་བྱེད་མྱོང་ཞིང་། ཁོང་གིས་ཡུལ་འདིའི་དེ་སྔོན་ཕྱུགས་ཟོག་འཚོས་ནས་འཚོ་བ་སྐྱེལ་མཁན་ན་གཞོན་མང་པོས་ད་ཆ་ཆུ་འཐེན་འཕྲུལ་འཁོར་བཀོལ་སྤྱོད་དང་། ཐིགས་འདྲེན་སྙོམས་སྒྲིག་ཚོད་ལྟ། སྡོང་ཕྲུག་འཛུགས་པའི་ལག་རྩལ་བཅས་ཁོང་དུ་ཆུད་ཡོད། ང་རང་ཡང་དེའི་ནང་ཞུགས་ཏེ་ཕན་པ་ཆེན་པོ་ཐོབ་བྱུང་། “མོ་རི་ཐ་ནི་ཡའི་དམངས་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡོད། ངའི་ལས་ཀ་འདིར་རིན་ཐང་ཆེན་པོ་འདུག”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།