“ལོ་སི་དང་ཀྲུང་གོའི་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་དགོས”
ལོ་སིའི་ཙུང་ལི་གཞོན་པ་ཅི་ཆའོ་ལ་བཅར་འདྲི་ཞུས་པ།
“ལོ་སི་ནི་ཀྲུང་གོའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན”ཞེས་ལོ་སིའི་ཙུང་ལི་གཞོན་པ་ཅི་ཆའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་སོགས་ཀྱི་སྒྲོམ་གཞིའི་འོག་ལོ་སི་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད་པ་དང་། མ་འོངས་པར་ཡང“ལོ་སི་དང་ཀྲུང་གོའི་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་ངེས་རེད”ཅེས་བརྗོད་པ་རེད།
རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་སྟེ་2021ལོའི་ཟླ་12པར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་པ་རེད། ད་ལོའི་ལོ་སྟོད་ལ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་1007སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་1.7%འཕར་བ་དང་། ལམ་ཐིག་ཧྲིལ་པོའི་ཚོང་ཟོག་སྐྱེལ་འདྲེན་གྱི་བསྡོམས་འབོར་ཏུན་ཁྲི་1260ལས་བརྒལ་ཏེ་དུས་མཚུངས་ལས25.9%འཕར་བས། “བགྲོད་ལམ་ཆེན་པོ་ཡག་ཤོས”ཀྱི་ནུས་པ་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཅི་ཆའོ་ཡིས། ལོ་སི་དང་ཀྲུང་གོའི་ལྕགས་ལམ་ནི་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཤར་གཏོང་བྱས་ཚུན་ལོ་སི་དང་ཀྲུང་གོའི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་བགྲོད་ལམ་གལ་ཆེན་ཞིག་གི་ངོས་ནས། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་ལམ་རྒྱུད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོར་གསོན་ཤུགས་ཀྱིས་རབ་ཏུ་ཁེངས་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཡོད་པ་དང་། ས་ཁུལ་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་སྒོ་ནས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལག་བསྟར་བྱས་ཏེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སོང་བ་དང་ཕན་ཚུན་ཚོང་དོན་རོགས་ཟླ་ཨང་དང་པོར་གྱུར་ཡོད”མིག་སྔའི་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པས། ལོ་སི་ཚུད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་སྔར་བས་གཏིང་ཟབ་བྱས་ནས་ཕྱོགས་གཉིས་ཀྱི་དམངས་ཚོགས་ལ་ཕན་བདེ་བསྐྲུན་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་ཡར་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ཅི་ཆའོ་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།