དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་ཚེ་རིང་གིས་བརྗོད་དོན།

    “དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ཚོར་སེམས་ཤུགས་གནང་བྱུང”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-19

    2025ལོའི་ཟླ་8ཚེས་15ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་དུ་གསར་སྐྲུན་བྱས་པའི་ཟིང་དཀར་གྲོང་ཚོ་ཨུ་ལྷན་འགྲམ་གྱི་བོད་ཁང་གསར་རྐྱང་ཞིག་ཏུ་ཡུལ་མི་ཟླ་བ་ཚེ་རིང་བྲེལ་འཚུབ་ཆེ་བའི་དབང་གིས་གདོང་པ་རྔུལ་ཆུས་འཚོས་ནས་འདུག

    ཟླ་བ་ཚེ་རིང་གིས་ཁང་པ་གསར་པའི་ཚོམས་ཆེན་ནང་གསར་དུ་ཉོས་པའི་བོད་བཟོའི་ལྕོག་ཙེར་ཕྱི་བདར་རྒྱག་བཞིན་དུ། “ཁང་པ་གསར་པར་སྤོས་པས། བསྡུ་གསོག་གཙང་མ་ཞིག་རྒྱག་གི་ཡིན”ཞེས་བརྗོད།

    ཁང་པ་གསར་པར་སྤོས་པའི་ཉིན་དེ་དག་རིང་། ཟླ་བ་ཚེ་རིང་ཉིན་མོ་ཁྱིམ་མཚེས་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་ལས་ཀ་བྱེད་པ་དང་། ལས་ཀ་བཞག་རྗེས་ཁང་པ་གསར་པར་གཙང་སྦྲ་བྱེད་པ་དང་། དེ་ནས་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པར་ལོག་ནས་ཅ་དངོས་བསྡུ་གསོག་རྒྱག་བཞིན་ཡོད།

    གསར་འགོད་པས“ལས་ཀ་དེ་ལྟར་བྱས་ན་དཀའ་ལས་ཁག་གི་མིན་འདུག་གམ”ཞེས་དྲིས།

    “ལུས་པོ་དཀའ་ལས་ཁག་ཀྱང་སེམས་ཧ་ཅང་སྐྱིད་པོ་འདུག” ཅེས་ཟླ་བ་ཚེ་རིང་གིས་ཕུ་ཐུང་གིས་རྔུལ་ཆུ་ཕྱིས་ཀྱིན་གདོང་ནས་འཛུམ་མདངས་འཕྱུར། “ནང་མི་ཚང་མས་ཁང་པ་གསར་པར་སྤོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཟླ་བ་ཚེ་རིང་གི་ཁྱིམ་ཚང་ངོས་ནས་བརྗོད་ན། དགའ་སྤྲོ་དེ་ལྟ་བུ་ནི་ཁྱིམ་གཞིས་གསར་པར་རེ་བ་བཅངས་པ་ཞིག་རེད་ལ། ཀྲུང་གོའི་མྱུར་ཚད་དང་བརྩེ་བར་བདེན་དཔང་བྱེད་པ་ཞིག་དེ་བས་རེད།

    2025ལོའི་ཟླ་1ཚེས་7ཉིན། ལྷ་སར་ཁ་ལོ་བའི་ལག་ཁྱེར་གཉེར་བཞིན་པའི་ཟླ་བ་ཚེ་རིང་གིས་ཕ་ཡུལ་ལ་ས་ཡོམ་བརྒྱབ་པའི་གནས་ཚུལ་ཐོས་རྗེས་འཕྲལ་མར་ཟིང་དཀར་གྲོང་ཚོར་ལོག “སྐབས་དེ་དུས་སེམས་ལ་དངངས་སྐྲག་ཆེན་པོ་ལངས་བྱུང་། ཁྱིམ་དུ་ནང་མི་རྒན་གཞོན་ཚང་མ་ཡོད་པས་རེད” མ་གཞི་བྱས་ན་2009ལོར་བསྐྱར་སྐྲུན་བྱས་པའི་བོད་བཟོའི་ཉིས་ཐོག་ཁང་པ་རྡིབ་མེད་མོད། འོན་ཀྱང་གྱང་ལ་སེར་ཁ་ཚབས་ཆེན་གས་པ་མ་ཟད། ལོ་72ལ་སླེབས་པའི་ཨ་མ་ལོང་བར་རྨས་སྐྱོན་ཅུང་ཕོག་འདུག་ཅེས་ཕྱིར་དྲན་བྱས་ནས་བརྗོད།

    “དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་སྲིད་གཞུང་གིས་ང་ཚོར་སེམས་ཤུགས་སྦྱིན་བྱུང” ས་ཡོམ་བརྒྱབ་པའི་དགོང་མོ་དེར་ནང་མི་ཚང་མ་གེགས་སེལ་གུར་ནང་སྤོས་ནས་ལྟོ་ཆས་རླངས་པ་འཚུབ་འཚུབ་ཅིག་ཟ་རྒྱུ་བྱུང་བ་དང་། ཉིན་ཁ་ཤས་སོང་རྗེས། སླར་ཡང་སྟབས་བདེའི་ཁང་པར་སྤོས་པས། སྡོད་གནས་དེ་བས་དྲོ་སོབ་སོབ་སྡོད་རྒྱུ་བྱུང་། ལྷག་པར་དུ་གསར་འགྱུར་བལྟས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་བ་ནི་ང་ཚོར“སེམས་རྣལ་རིལ་བུ”སྦྱིན་པ་དང་གཉིས་སུ་མ་མཆིས་ཞེས་ཕྱིར་དྲན་བྱེད་བཞིན་བརྗོད།

    ཁོང་དེ་བས་དགའ་འོས་པ་ཞིག་ནི། ཟླ་3ཚེས་3ཉིན་ས་ཡོམ་རིམ་པ་6.8བརྒྱབ་པའི་དིང་རིའི་གྲོང་ཚོ་8ཚང་མར་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་དེ་རེད། ཁོང་གིས་དེའི་ནང་ཧུར་ཐག་ཞུགས་ཤིང་། ཆུ་གློག་བཟོ་བའི་རྩལ་ནུས་ལ་བརྟེན་ནས་གེགས་རྗེས་བསྐྱར་སྐྲུན་གྱི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ནང་ཞུགས་ཏེ། ཉིན་ལྟར་འཛུགས་སྐྲུན་པ་གཞན་དག་དང་མཉམ་དུ་ས་དོང་དྲུས་ནས་ཆུ་འདྲེན་སྦུག་ལམ་སྦས་ཏེ་ལྕགས་རྩིབ་ཇི་ལྟར་བྱས་ནས་རྩིག་རྨང་ནང་བཅུག་པ་དང་། ཤེལ་སྒོ་ཉིས་བརྩེགས་མ་ཇི་ལྟར་བྱས་ནས་སྒེའུ་ཁུང་གི་སྒྲོམ་ནང་བཅུག་པ་དངོས་སུ་མཐོང་བ་རེད།

    གསར་འགོད་པར་དོ་སྣང་བྱུང་བར། ཐབ་ཚང་གི་གྱང་ངོས་སུ་གློག་བསྒར་ཁུང་བཟོས་ཡོད་པ་དང་། གསང་སྤྱོད་ལ་འདྲེད་འགོག་དཀར་བཅལ་བཏིང་པ། ཆུ་ཀ་ལ་ཁང་པའི་ནང་ཁྲིད་ཡོད། “འཛུཌ་སྐྲུན་པ་ཚོས་ང་ཚོ་ལས་ཀྱང་བསམ་བློ་ཞིབ་ཚགས་པ་བཏང་འདུག”ཅེས་བརྗོད།

    སེམས་པ་སྐྱིད་ཤོས་ནི་ཨ་མ་རྒན་མོ་ཡིན་ཞིང་། མ་གཞི་ཁོང་མིག་གིས་མཐོང་གི་མེད་མོད། འོན་ཀྱང་ཁོང་གིས་རྒྱུན་དུ་ཁང་པའི་བཀོད་པ་གང་འདྲ་བྱུང་ཡོད་མེད་དང་ཁང་པ་གསར་པར་སྤོ་སྐབས་དོ་སྣང་བྱེད་དགོས་པ་དག་མངག་བཅོལ་གནང་གི་འདུག “ཨ་མ་ལགས་ཀྱིས་འདི་ནི་རྒྱལ་ཁབ་ཀྱིས་ང་ཚོར་བརྒྱབ་པའི་ཁང་པ་རེད། ང་ཚོས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བར་བྱེད་དགོས་ཞེས་གསུངས་ཀྱི་ཡོད”ཅེས་ཟླ་བ་ཚེ་རིང་གིས་ཨ་མ་རྒན་མོའི་སྐད་ཆ་ལད་ཟློས་ཚུལ་དུ་འདར་སྐད་ཅུང་རྒྱག་བཞིན་དེ་ལྟར་བཤད།

    སྨག་རུམ་མུན་གྱིས་བསྒྲིབས་ཀྱང་གྲོང་ཚོའི་ལམ་མདོར་སྔར་བཞིན་མང་ཚོགས་གནས་སྤོ་བར་བྲེལ་བཞིན་ཡོད། ཟླ་བ་ཚེ་རིང་གིས་སྒོ་འགྲམ་དུ་ལངས་ནས་མི་རིང་བའི་སར་ཡོད་པའི་བོད་ཁང་གསར་པ་དག་ལ་མཛུབ་མོ་འཛུགས་བཞིན“བསྐྱར་སྐྲུན་བྱས་རྗེས་ཀྱི་གྲོང་ཚོར་སྔོན་མ་ལྟར་འཁོར་གསུམ་སྦག་སྦག་ཀྱང་ཐར་དཀའ་བ་དེ་འདྲ་མིན་པར་རླངས་འཁོར་སྒོ་འགྲམ་བར་གཏོང་ཐུབ་ཀྱི་འདུག”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།