མཚོ་སྔོན་གྱི་ཟི་ལིང་གསར་སྤེལ་ཁུལ་གྱིས་ལག་རྩལ་སྒྱུར་བཀོད་རྣམ་གྲངས་50ལྷག་ཙམ་ལག་ལེན་ཤུགས་ཆེན་བསྟར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་ཤེས་རྟོགས་བྱུང་བར། ཐོན་ལས་ལྗང་མདོག་ཅན་དང་རིག་ནུས་ཅན་དུ་ཕྱོགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། འདི་ལོ་ཟི་ལིང་གསར་སྤེལ་ཁུལ་གྱིས་ལག་རྩལ་སྒྱུར་བཀོད་རྣམ་གྲངས་50ལྷག་ཙམ་ལག་ལེན་ཤུགས་ཆེན་བསྟར་ཞིང་། ལི་ཧའོ་དྭངས་གཙང་ནུས་རྒྱུ་དང་། དུས་རབས་ནུས་རྒྱུ་གསར་པ། པའེ་ཧྲེང་ཐཱན་རྒྱུ་སོགས་ཁེ་ལས་6གི་འབྲེལ་ཡོད་རྣམ་གྲངས་ཀྱིས་ཡུན་རིང་དམིགས་བསལ་གྱི་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་1.4བརྩོན་ལེན་བྱས་པར་མིག་སྔར་རྣམ་གྲངས་དག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད།
འདི་ལོ་ཤར་ཚུན་དུ། ཟི་ལིང་གསར་སྤེལ་ཁུལ་གྱིས་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་ཚབ་གསར་བརྗེས་ཀྱི་སྐབས་དང་བསྟུན་ཏེ། སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་དང་དེ་བཞིན་སྲིད་ཇུས་གསལ་འགྲེལ་དང་། རྣམ་གྲངས་གདམ་གསེས། རེ་ཞུ་ཟུར་ཁྲིད། རྗེས་འདེད་ཚུར་ལན་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ལས་ཀའི་ལམ་སྲོལ་བཙུགས་ཏེ། འཛུགས་སྐྲུན་བྱེད་བཞིན་པའི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་རྣམ་གྲངས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་བ། སྒྲིག་ཆས་གསར་སྒྱུར་ལས་དོན་སྤེལ་བ། མདོག་ལྡན་ལྕགས་རིགས་དང་། རྨང་གཞིའི་རྫས་འགྱུར་བཟོ་ལས། སྲོལ་རྒྱུན་ཨར་ལས་རྒྱུ་ཆ་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་རིམ་འཇུག་རིམ་སྤོར་མགྱོགས་སུ་བཏང་ནས་རྩེར་སོན་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།