དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟབས་མི་བདེ་ཞིང་དུས་ཚོད་རིང་པོ་འགོར་བ་ནས་ནུས་ཆེའི་ཤར་གཏོང་ཐུབ་པའི་བར——

    འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་། བདེ་སྐྱིད་ལམ་བུ་ཡངས་སུ་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ལོ་79ལ་སླེབས་པའི་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ཡུལ་མི་བློ་བཟང་ཟླ་བ་རང་ཁྱིམ་གྱི་སྒོ་ཁར་ལངས་ཏེ“ད་ཆ་རླངས་འཁོར་ལ་བསྡད་དེ་ལྷ་སར་ཕྱིན་ན་སྐར་མ་བཅུ་ལྷག་ཙམ་ལས་འགོར་གྱི་མི་འདུག ང་ཚོ་ན་གཞོན་སྐབས་ཐེར་གེ་བཏང་ནས་ཉིན་གང་འགོར་གྱི་ཡོད། ད་ཆའི་འཚོ་བ་དངོས་གནས་སྐྱིད་པོ་རེད”ཅེས་ཁོང་གི་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་བའི་ཕྱིར་སྐྱོད་མྱོང་ཚོར་གླེང་། ཐེར་གེ་ནས་འདྲུད་འཐེན་འཕྲུལ་འཁོར་བར་དང་དུས་གཏན་རླངས་འཁོར་ནས་སྒེར་འཁོར་བར་བློ་བཟང་ཟླ་བའི་མྱོང་ཚོར་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    གཡེར་ཁའི་སྒྲ་གྲགས་པའི་ལོ་ཟླ།

    དུས་རབས་གོང་མའི་ལོ་རབས་60པར་བོད་ཀྱི་ས་གཞི་ཆེན་པོའི་སྟེང་ཐེར་གེ་ནི་སྔར་བཞིན་འགྲིམ་འགྲུལ་ཡོ་ཆས་གཙོ་བོ་ཡིན་ཞིང་། བློ་བཟང་ཟླ་བའི་ཁྱིམ་གྱི་འགྲིམ་འགྲུལ་ཡོ་ཆས་གཅིག་བུ་དེ་ཡང་སྒོ་རའི་ནང་གི་ཐེར་གེ་དེ་ཡིན་པ་དང་ཁོང་གིས“སྐབས་དེ་དུས་ཐོན་སྐྱེད་རུ་ཁག་ནང་ཐེར་གེ་གཅིག་ལས་མེད་པ་དེ་མཉམ་སྡེབ་ངལ་རྩོལ་བྱེད་སྐབས་གཞི་ནས་བེད་སྤྱོད་བྱེད་ཀྱི་ཡོད། ཕྱིས་སུ་འཚོ་བ་ཡག་ཏུ་ཕྲན་བུ་སོང་རྗེས་ཁྱིམ་དུ་རང་ཉིད་ཀྱི་ཐེར་གེ་ཉོ་ཐུབ་ཙམ་བྱུང་། ངེད་ཚོའི་ངོས་ནས་བཤད་ན་དེ་ནོར་བུ་རང་རེད”ཅེས་ཕྱིར་དྲན་བྱེད་བཞིན་བཤད།

    འགྲིམ་འགྲུལ་སྟབས་བདེ་མེད་པ་དེས་མི་ཚོའི་འགུལ་སྐྱོད་ཁྱབ་ཁོངས་ལ་ཚོད་འཛིན་ཆེན་པོ་ཐེབས་ཤིང་། ལོ་ན་ཆུང་བའི་བློ་བཟང་ཟླ་བ་སྙིང་རུས་ཆེ་བས་སྟག་རྩེ་རྒྱང་བསྒྲགས་ས་ཚིགས་ཀྱི་གློག་བཟོ་མཁན་ཞིག་ཆགས་རྗེས་ལྷ་སར་འགྲོ་བའི་གོ་སྐབས་ན་མཉམ་ཚོ་ལས་མང་བ་ཐོབ། འོན་ཀྱང་སྟག་རྩེ་ནས་ལྷ་སའི་བར་གྱི་ལམ་ཧ་ཅང་ཞན་ལ་དཀའ་ཚེགས་ཆེན་པོ་ཡོད་པ་དང་ལྷ་སར་འགྲོ་བ་ཁོ་ནར་ཉིན་གང་འགོར་བའི་ཁར་འབྱོར་རྗེས་ཀྱང་གནས་ཚང་ཤིན་ཏུ་དཀོན་པོ་ཡོད། དེ་ལྟར་ལྷ་སར་འགྲོ་འོང་བྱེད་པར་དུས་ཡུན་རིང་པོ་འགོར་བ་མ་ཟད་ད་དུང་གཟུགས་ནུས་དང་སེམས་ཤུགས་གཉིས་ཀར་ཚོད་བགམ་ཆེན་པོ་འཕྲད་ཀྱི་ཡོད།

    གྲོང་ཚོར“ལྕགས་གླང”སླེབས་པ།

    1975ལོའི་སྔ་རྗེས་སུ་སྟག་རྩེ་རྒྱང་བསྒྲགས་ས་ཚིགས་ཀྱིས་ཐོ་ཕྲུག་གཅིག་ཉོས་པ་དང་བློས་འགེལ་ཆོག་ལ་ཆང་རག་གཏན་ནས་མི་འཐུང་བའི་བློ་བཟང་ཟླ་བ་ཁ་ལོ་བར་བདམས་ཤིང་། “ལྕགས་གླང”དེ་སླེབས་པ་ནས་བཟུང་དབེན་ཞིང་འཇམ་པའི་བདེ་ཆེན་གྲོང་ཚོ་འཁྲུག་ཆ་དོད་དུ་སོང་།

    རྒྱང་བསྒྲགས་ས་ཚིགས་སུ་ཐོ་ཕྲུག་གཏོང་མཁན་བྱས་ནས་ལོ་བཅུ་ལྷག་ཙམ་སོང་རིང་བློ་བཟང་ཟླ་བ་ལྷ་ས་སོགས་སུ་ཡང་ཡང་འགྲོ་དགོས་པ་དེས་ཁོང་གི་མཐོང་རྒྱ་ཡངས་སུ་སོང་ཁར་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཡང་རིམ་བཞིན་ལེགས་སུ་སོང་ཡོད། 1985ལོར་སླེབས་སྐབས་ཁོང་གིས་ཐོ་ཕྲུག་ཞིག་ཉོ་རྒྱུའི་སེམས་ཐག་བཅད་པ་དེས་ནང་མིའི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད་ད་དུང་ཡོང་འབབ་ཀྱང་གསོག་ཐུབ་པ་རེད།

    “ལྕགས་གླང”དེ་ནི་གྲོང་ཚོའི་ནང་གི་འགྲིམ་འགྲུལ་ཡོ་ཆས་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཡུལ་མི་ཚོས་འཛུགས་སྐྲུན་རྒྱུ་ཆ་དབོར་ནའང་འདྲ་ཡང་ན་ལྷ་སར་མི་སྐྱེལ་བར་འགྲོ་དགོས་རུང་རྟག་ཏུ་རང་ཉིད་འཚོལ་བར་ཡོང་གི་ཡོད་ཅེས་བློ་བཟང་ཟླ་བས་བཤད་པ་དང་ཁོང་གིས“ལྷ་སར་འགྲོ་བར་ཆུ་ཚོད་ཁ་ཤས་ལས་འགོར་གྱི་མེད་པས་ཉིན་དེ་རང་དུ་ལོག་ཐུབ་སྟབས་གནས་ཚང་སེམས་ཁྲལ་བྱེད་དགོས་མེད། ཚོང་མང་བའི་སྐབས་སུ་ཟླ་བ་གཅིག་ལ་ཡོང་འབབ་སྒོར་སུམ་བརྒྱ་ལྷག་ཙམ་གསོག་ཐུབ་པ་དེ་ནི་སྐབས་དེ་དུས་ཀྱི་ངོས་ནས་བཤད་ན་དངུལ་ཐང་ཧ་ཅང་ཆེན་པོ་རེད”ཅེས་བཤད།

    ཕྱིར་སྐྱོད་བྱེད་མཁན་ཇེ་མང་དུ་ཕྱིན་པ།

    དུས་རབས་གོང་མའི་ལོ་རབས་90པར་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་སོང་ཞིང་། བློ་བཟང་ཟླ་བས་ཕྱིར་དྲན་བྱེད་བཞིན་དུ་སྐབས་དེ་དུས་སྲིད་གཞུང་གིས་སྟག་རྩེ་ནས་ལྷ་ས་བར་གྱི་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ་དང་མང་ཚོགས་ཐེར་གེ་དང་འདྲུད་འཐེན་འཕྲུལ་འཁོར་ནང་སྡོད་མི་དགོས་པར་བདལ་གླ་སྒོར་ཟུར་ལྔ་སྤྲད་དེ་སྐྱིད་ཅིང་བདེ་འཇགས་ལྡན་པའི་རླངས་འཁོར་ནང་སྡོད་རྒྱུ་བྱུང་ཡོད་ཅེས་བཤད།

    འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ་དང་བསྟུན་ནས་ལོ་འགའ་ཤས་ལས་མ་འགོར་བར་ཆ་རྐྱེན་ཅུང་ལེགས་པའི་ཁྱིམ་ཚང་ཁ་ཤས་ཀྱིས་སྤྱི་སྤྱོད་རླངས་འཁོར་འབྲིང་གྲས་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་འགོ་ཚུགས་ཤིང་། དུས་གཏན་རླངས་འཁོར་ལས་མྱུར་ལ་དེ་བས་སྟབས་བདེ་བའི་འགྲིམ་འགྲུལ་ཡོ་ཆས་དེ་ཉིན་ལྟར་སྟག་རྩེ་དང་ལྷ་སའི་བར་ཕར་འགྲོ་ཚུར་འོང་ཐེངས་གསུམ་ཙམ་བྱེད་ཀྱི་ཡོད་པས་མང་ཚོགས་ཕྱིར་སྐྱོད་གདམ་ག་དེ་བས་མང་དུ་སོང་ཡོད།

    ད་ཆ་བོད་ཀྱི་འགྲིམ་འགྲུལ་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཐེར་གེ་དང་འདྲུད་འཐེན་འཕྲུལ་འཁོར་ལ་བརྟེན་པ་དེ་ལོ་རྒྱུས་སུ་གྱུར་བ་དང་སྤྱི་སྤྱོད་རླངས་འཁོར་དང་། བོགས་གཏོང་རླངས་འཁོར། དྲྭ་འབོད་རླངས་འཁོར། སྒེར་འཁོར་བཅས་ནི་མི་ཚོའི་རྒྱུན་གཏན་ཕྱིར་སྐྱོད་པའི་འགྲིམ་འགྲུལ་ཡོ་ཆས་སུ་གྱུར་བ་དང་ལྷག་པར་དུ་ས་ཁོངས་ཧྲིལ་པོར་ཁྱབ་པའི་གཞུང་ལམ་དྲ་རྒྱ་དང་མཚོ་བོད་ལྕགས་ལམ་དང་དེ་བཞིན་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་མཁའ་འགྲུལ་ལམ་ཐིག་ལས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཅིག་གྲུབ་ཡོད།

    ཕྱུགས་ཟོག་ལ་བརྟེན་པ་ནས་འཕྲུལ་ཆས་ཀྱི་འགུལ་ཤུགས་བར་དང་སྤྱི་སྤྱོད་འགྲིམ་འགྲུལ་ནས་སྒེར་འཁོར་བར་བློ་བཟང་ཟླ་བའི་ཕྱིར་སྐྱོད་ཀྱི་དྲན་ཤེས་ནི་བོད་ཀྱི་ལོ་ངོ་60ཡི་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། སྣུར་བསྲིང་དང་རིམ་སྤོར་བར་མེད་བྱས་པའི་འགྲིམ་འགྲུལ་གྱི་འཕར་རྩ་དེ་ལས་བོད་ཀྱི་མི་དམངས་མི་རབས་ཁ་ཤས་ཀྱི་འབད་འབུངས་རྗེས་ཤུལ་མངོན་པ་དང་དེ་བས་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་གཅིག་ཏུ་བསྡུས་ཡོད། འགྲིམ་འགྲུལ་ཡོ་ཆས་རིམ་བཞིན་རིམ་སྤོར་བྱས་པ་དེ་ལས་ཕྱོགས་གཞན་ཞིག་ནས་བོད་ཀྱི་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་བདེན་དཔང་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།