དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ། བདེ་སྐྱིད་འཆར་གཞི་མཉམ་དུ་འགོད།

    —— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“ལོ་ལྔ་ཚན་བཅོ་ལྔ་པ”ཡི་འཆར་འགོད་བཟོ་བའི་ལས་དོན་ལ་རམ་འདེགས་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-19

    ད་ལོ་ཚུན་དུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དེ་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ཁྲིམས་ལྟར་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་གཞུང་འཁྱོངས་གསར་འབྱེད་ལ་དམིགས་ནས། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་། རྫོང་དང་ཆུས་64 ཤང་གྲོང་རྡལ་དང་ཁྲོམ་གཞུང་340ལྷག་ཙམ་བཅས་ལ་ཁག་དབྱེ་ནས་བསྐྱོད་དེ། ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། སྙན་སེང་ཉན་པ། བཞུཌ་མོལ་སྤེལ་རེས། དཔྱད་གཞི་ལྟ་ཀློག མང་ཚོགས་ལ་བཅར་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་བརྟག་ཞིབ་བྱས་པ་དང་། མི་དམངས་འཐུས་ཚོགས་ཀྱིས་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པ”ཡི་འཆར་འགོད་བཟོ་བའི་ལས་དོན་ལ་རམ་འདེགས་བྱས་པ་རེད།

    ཚད་གཞི་མཐོ་པོས་ཇུས་འགོད་ལ་སྐུལ་འདེད་བཏང་ནས་འཆར་འགོད་བཟོ་བའི་རྨང་གཞི་བརྟན་པོ་བཙུགས་པ།

    མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། “གཙོ་གནད་གཅིག་དང་འཆར་གཞི་གསུམ”གྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཙུགས་ནས། ལྗོངས་ཡོངས་ཀྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་ཞིབ་བྱས་པ་རེད།

    ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་ཟླ་4པའི་ཟླ་འགོ་ནས་བཟུང་། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ནང་དོན་གཙོ་བོ་གསུམ་ལ་དམ་པོར་དམིགས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་སོགས་ཚན་པ་དང་སྡེ་ཚན་33གྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན་སྐོར་གྱི་གནད་དོན་ཁུངས་སྣེ་བསྡུ་རུབ་བྱས་ཏེ། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་ཐིང་། མི་སྤྱི་ཐིང་། མི་རིགས་ལས་དོན་ཨུ་ལྷན་སོགས་ལྗོངས་ཐད་གཏོགས་ཚན་པ་10དང་། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་གྲོང་ཁྱེར་5དང་། རྫོང་དང་། ཆུས། གྲོང་ཁྱེར་བཅས་25 ཤང་དང་གྲོང་རྡལ་49 སྡེ་ཁུལ་12 གྲོང་ཚོ་དང་གྲོང་ལྷན་22 སློབ་གྲྭ་31 སྨན་ཁང་11 ཁེ་ལས་7 དགོན་སྡེ་12བཅས་སུ་བཞུགས་མོལ་ཚོགས་འདུ་ཐེངས་25འཚོགས་པར་མི་ཐེངས་729ཞུགས་ཡོད་པ་དང་། དཀའ་གནད་ཁག་171དང་བསམ་འཆར་དང་གྲོས་འགོ་ཁག་75བསྡུ་རུབ་བྱས་པ་རེད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་རེད་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་རེད།

    ཆེད་དོན་བརྟག་ཞིབ་ཚོགས་ཆུང་དེས་དུས་ཡུན་གཟའ་འཁོར་གཉིས་སྤྱད་དེ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབར་དང་། ལྷོ་རོང་། ཁ་རུབ། མཛོ་སྒང་། འཇོ་མདའ། སྟེང་ཆེན་སོགས་རྫོང་དང་ཆུས་སུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་ཁང་3དང་། ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་1 རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་1 ཤང་དང་། གྲོང་རྡལ། ཁྲོམ་གཞུང་བཅས་དང་གྲོང་ཚོ་དང་གྲོང་ལྷན(སྡེ་ཁུལ)བཅས་12 སློབ་གྲྭ་3 དགོན་སྡེ་3 རིག་གནས་རྗེས་ཤུལ་2 སྨན་ཁང་2 རྒྱལ་གཉེར་དང་། མཉམ་སྡེབ། དམངས་གཉེར་བཅས་ཀྱི་ཁེ་ལས་5བཅས་ལ་བཅར་འདྲི་བྱས་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་4ལ་འཚམས་འདྲི་བྱས་པ། བཞུགས་མོལ་ཚོགས་འདུ་ཐེངས་4འཚོགས་པ་བཅས་བྱས་ཏེ་དཔེ་མཚོན་གྱི་བྱེད་སྟངས་དང་གསར་གཏོད་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་རེད།

    དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་འཆར་འགོད་དམིགས་ཚད་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡོང་བར་བྱས་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་ལྗོངས་བབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པའི་འཆར་འགོད་དང་བརྟག་ཞིབ་ཀྱིས“ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་ལེགས་སུ་གཏོང་བ”དང་། “བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངེས་གནས་དང་ལས་འགན” “ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ” “ལྷོ་རི་བྱང་རིའི་སྔོ་འགྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས” “བོད་ཀྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས” “ལྗོངས་ཡོངས་ཀྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་ལས་དོན” “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ”སོགས་ཀྱི་ཆེད་དོན་ཞིབ་ཚགས་བཟོས་པ་རེད།

    ཁྱབ་ཁྱོན་ནས་བལྟས་ན། ནང་དོན་རྒྱ་ཆེ་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་པ་ཚང་མ“དོན་ཆེན་བཞིའི”ཁོངས་སུ་གཏོགས་ཤིང་། ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་དོ་ཁུར་བྱེད་ལ་གཙོ་གནད་དང་དཀའ་གནད་ལའང་དམིགས་པ་དང་། གཞི་ཆེའི་རིམ་ངོས་ཀྱི་སྲིད་ཇུས་དང་ཞིབ་འཇུག་ཡོད་ལ་གཞི་ཆུང་རིམ་ངོས་ཀྱི་དཔེ་གཞི་རྐྱང་པར་དབྱེ་ཞིབ་ཀྱང་ཡོད་པས། བོད་ཀྱི་ལྗོངས་བབ་དང་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད། དེའི་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བའི་བརྗོད་དོན་གཙོ་བོར་དམིགས་ནས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་ཀྱིས་ལྗོངས་ཡོངས་ཀྱི་རིམ་བཞིའི་སྲིད་འཛིན་ལས་ཁུངས་སུ་བསྐྱོད་དེ“གནས་སྡོད་རྣམ་པའི”གཞི་རིམ་དུ་བརྟག་དཔྱད་བྱས་པར་གྲུབ་འབྲས་ཧ་ཅང་བཟང་པོ་ཐོབ་ཡོད།

    ཆེད་དོན་བརྟག་ཞིབ་ཚོགས་ཆུང་ཁག་ལ་བལྟས་ཚེ། དམངས་འཚོ་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་གཏོང་བའམ་ཡང་ན་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་བཅས་གང་ཞིག་ཡིན་རུང་། ཚང་མས་ལྟེ་བའི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་ཐད་ཀར་དམིགས་ནས་ཞིབ་ཕྲའི་གནས་ཚུལ་བཀོད་སྒྲིག་ཞིབ་ཕྲ་དང་ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ཡོད། དཔེར་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་ལས་གྲྭ་ཞིག་ཡིན་པས། ནགས་བཟོའི་གཞི་ཁྱོན་ཆེན་པོ་འདི་འདྲ་སྔར་བྱུང་མྱོང་མེད་ལ་ལས་གྲྭའི་དཀའ་ཚེགས་ཀྱང་སྔར་འཕྲད་མྱོང་མེད་པ་ཞིག་ཡོད། བརྟག་ཞིབ་ཚོགས་ཆུང་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་འཐབ་ས་དང་པོར་ཐེངས་མང་བསྐྱོད་ནས་མ་དངུལ་འགན་ལེན་དང་། ལམ་ལུགས་དོ་དམ། སྡོང་ཕྲུག་མཁོ་འདོན། ཚན་རྩལ་གྱི་འདེགས་སྐྱོར། བཏབ་རྗེས་ཀྱི་གཡོག་བྱེད། སྐྱེ་ཁམས་ཁེ་སྤོགས་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ། གནས་ཚུལ་དངོས་ཤེས་རྟོགས་དང་། མྱུར་ཚད་ལ་ལྟ་སྐུལ། དཀའ་གནད་སེལ་བ་བཅས་བྱས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། བརྟག་དཔྱད་ཞིབ་འཇུག་ལས་བྱུང་བའི་སྙན་ཞུ་དེ་དག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་དཔྱད་གཞི་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད།

    བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཟབ་ཏུ་བཏང་ནས་འཆར་འགོད་དང་ཐབས་ཇུས་ཀྱི་སྤུས་ཚད་མཐོ་རུ་བཏང་བ།

    “བརྟག་ཞིབ་ཀྱི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས་བརྟག་ཞིབ་ཀྱི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་ཆེད། གཅིག་ནས་བརྟག་ཞིབ་ཀྱི་རྒྱ་ཁྱབ་རང་བཞིན་ལ་མཐོང་ཆེན་བྱས་ཏེ། སྙན་སེང་ཉན་པ་དང་། དཔྱད་གཞི་ལྟ་བཤེར། ས་གནས་ས་ཐོག་ཏུ་བཅར་འདྲི། བཞུགས་མོལ་སྤེལ་རེས། འདྲི་ཤོག་བརྟག་དཔྱད་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་རིམ་པ་མང་པོ་དང་། ཕྱོགས་མང་པོ། ཐབས་ལམ་མང་པོ་བཅས་ཀྱི་ཐོག་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་འགན་སྒྲུབ་ཚུལ་ཤེས་རྟོགས་བྱེད་པ་དང་། གཉིས་ནས་བརྟག་ཞིབ་ཀྱི་ཕན་འབྲས་རང་བཞིན་ལ་མཐོང་ཆེན་བྱས་ཏེ། བརྟག་ཞིབ་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཐག་རིང་གི་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྡེ་ཁུལ། བཟོ་གྲྭའི་འཁོར་ཁང་། རྣམ་གྲངས་ཀྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ཀྱིས་བསམ་འཆར་ཉན་པ་དང་། སེམས་རྩ་འཁོལ་པོས་ཤེས་རྟོགས་བྱེད་པ། དངོས་དངོས་རྗེན་རྗེན་གྱིས་འདྲི་རྩད་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་གནས་ཚུལ་དངོས་གསལ་པོར་རྟོགས་པ་དང་། མངོན་གསལ་དོད་པའི་གནད་དོན་གནད་སྨིན་ངང་འཚོལ་བ། ཐབས་ཇུས་དང་གྲོས་འགོ་དངོས་འདོན་པ་བཅས་བྱས་ཡོད”ཅེས“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངེས་གནས་དང་ལས་འགན”ཞེས་པའི་ཆེད་དོན་བརྟག་ཞིབ་འགན་འཁུར་མཁན་གྱི་ཁོངས་མི་ཞིག་གིས་བཤད།

    བརྟག་ཞིབ་ཀྱི་རྒྱ་ཁྱབ་རང་བཞིན་དང་ཕན་འབྲས་རང་བཞིན་ཡོད་པས་སྡོམ་ཚིག་གི་དོན་དངོས་རང་བཞིན་དང་བློས་འགེལ་ཆོག་པའི་རང་བཞིན་ལ་འགན་ལེན་བྱེད་ཐུབ། ཆེད་དོན་བརྟག་ཞིབ་ཚོགས་ཆུང་དེས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཆབ་སྲིད་ཀྱི་ཁྲིད་སྟོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་འགན་འཁྲི་ཧུར་ཐག་སྒྲུབ་པ། ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་སྟེ། འཇོན་ཐང་དང་བྱང་ཚད་བཟང་པོར་བརྟེན་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ཞབས་འདེགས་ཞུ་ཚད་མཐོ་རུ་བཏང་སྟེ། ཉམས་སད་ཐེག་ཐུབ་པའི་དམངས་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ། ལས་འགན་གཙོ་བོར་དམིགས་ཏེ། ཧུར་སེམས་དང་རང་འགུལ་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་བཅས་བྱེད་བཞིན་པ་ཤེས་རྟོགས་བྱུང་ཡོད།

    འཚོགས་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཡང་བསྐྱར་བཀོད་སྒྲིག་བྱས་ཡོད། རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་ཅིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་སྒྲིག་བཟོ་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།